གཟའ་ཟླ་བ། ༢༠༢༠ ཟླ་༡ པའི་སྤྱི་ཚེས་༡༩

སེམས་ཁམས་མཁས་མཆོག་ལངམ་སྦེ་མེད་པའི་གདོང་ལེན།

སྤྱི་ཟླ་༡༠ པའི་ཚེས་ ༢༦ ༢༠༡༩

༉ རྒྱལ་ཁབ་ནང་ལུ་ སེམས་ཁམས་འཕྲོད་བསྟེན་དང་འབྲེལ་བའི་གནོད་དོན་འདི་ ལོ་བསྟར་ཞིན་ཡར་སེང་འགྱོ་དོ་ཡོད་རུང་ ད་རེས་ སེམས་ཁམས་མཁས་མཆོག་གསུམ་ལས་བརྒལ་མེདཔ་ལས་ སེམས་ཁམས་དང་འབྲེལ་བའི་ནད་གཞི་ཚུ་ སྨན་བཅོས་འབད་ནི་དོན་ལུ་ གདོང་ལེན་བྱུང་དོ་ཡོདཔ་སྦེ་ཨིན་མས།

འདི་འབདཝ་ལས་ གནད་དོན་འདི་སེལ་ནི་གི་དོན་ལུ་ གསོ་བའི་ལས་བྱེདཔ་ཚུ་གིས་ རྒྱལ་སྤྱི་གསོ་བ་དང་འཕྲོད་བསྟེན་གྱི་ཞལ་འཛོམས་ཐེངས་༥་པ་ནང་ལུ་ སྨན་ཁང་ཚུ་ནང་ལས་ཕར་ སེམས་ཁམས་འཕྲོད་བསྟེན་གྱི་ནང་ལུ་ ཤེས་ཡོན་ཡོད་མི་ལས་བྱེདཔ་ལངམ་སྦེ་བཙུགས་དགོ་པའི་སྐོར་ལས་ གྲོས་འཆར་བཀོད་དོ་ཡོདཔ་ཨིན།

ལོ་བསྟར་གསོ་བའི་སྙན་ཞུ་དང་འཁྲིལ་བ་ཅིན་ སྤྱི་ལོ་༢༠༡༨་ལུ་ སེམས་ཁམས་ཀྱི་ནད་གཞི་ཐོབ་མི་ སྟོང་ཕྲག་༥་དེ་ཅིག་ཐོན་ཏེ་ཡོད་ས་ལས་ སྤྱི་ལོ་༢༠༡༧་དང་ཕྱད་པ་ཅིན་ གྱངས་ཁ་འདི་ ཡུདཔ་ཅིག་༨༠༠་དེ་ཅིག་གིས་ ཡར་སེང་སོང་སྟེ་ཡོདཔ་སྦེ་ཨིན་མས།

ཨིན་རུང་ ནདཔ་འདི་བཟུམ་བདག་འཛིན་འཐབ་མི་ གསོ་བའི་ལས་བྱེདཔ་འདི་ གྱངས་ཁ་ཆོདཔ་ཅིག་ལས་བརྒལ་མེདཔ་སྦེ་ཨིན་མས།

འདི་ཡང་ ད་ལྟོ་ཚུན་ཚད་ ཐིམ་ཕུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ལུ་ སེམས་ཁམས་མཁས་མཆོག་༢་དང་ ལུང་བསྟན་ཕུག་ བསྟན་སྲུང་དམག་སྡེ་གི་སྨན་ཁང་ནང་ལུ་༡་ཡོདཔ་སྦེ་བཤད་ཅི།

རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ལས་ སེམས་ཁམས་མཁས་མཆོག་ ཌོག་ཊར་གྲམ་བཱར་ཀུ་མར་ནི་རོ་ལ་གིས་སླབ་མི་ནང་ སེམས་ཁམས་ནད་གཞི་ཡོད་མི་ལ་ལུ་ཅིག་ སྨན་བཟའ་མ་དགོ་པར་ སེམས་ཁམས་རིག་པའི་མཁས་མཆོག་ཚུ་གིས་ བཅོ་ཚུགས་དོ་ཡོད་རུང་ སྨན་བྱིན་མ་དགོ་པའི་ཞབས་ཏོག་ཚུ་བྱིན་པ་ལུ་ སེམས་ཁམས་མཁས་མཆོག་ལངམ་སྦེ་མེདཔ་ལས་ ལཱ་ཁང་བཏང་མས་ཟེར་བཤད་ཅི།

འདི་གི་སྦེ་ སྤྱིར་བཏང་དྲུང་འཚོ་དང་ གསོ་བའི་ལས་བྱེདཔ་ དེ་ལས་ སྨན་གཡོགམ་ཚུ་ལུ་ཡང་ སྦྱོང་བརྡར་འབྱིན་དགོཔ་ཐོན་ཏེ་འདུག

ད་རེས་ འབྲུག་ལུ་ སྟེ་ ཐིམ་ཕུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་འོག་གི་ སེམས་ཁམས་ལས་ཁུངས་ནང་ལུ་ ཉིན་བསྟར་ཞིན་དུ་ ནདཔ་༣༠་ལས་༣༥་གི་བར་ན་ལུ་འོང་དོ་ཡོདཔ་ད་ ནད་གཞི་ཚུ་ཡང་ མང་ཤོས་ཅིག་རང་སེམས་ཚབ་ཚུབ་འབད་མི་དང་ དྲོག་འབྱལ་འཐབ་མི་ དེ་ལས་ སེམས་སྐྱོ་སྡོད་ནི་ཚུ་འབྱུང་སྟེ་ཡོདཔ་སྦེ་ཨིན་མས།