གཟའ་མིག་དམར། ༢༠༡༩ ཟླ་༡༠ པའི་སྤྱི་ཚེས་༡༤

རྡོ་རོ་ཁ་དྲུང་ཁག་ནང་ལུ་ མང་ཤོས་ཅིག་གིས་ར་ བཞེས་སྒོ་འབད་ནི་གི་དོན་ལུ་ མེ་རླུང་བ་ཡོ་གེས་ཚུ་གདམ་ཁ།

སྤྱི་ཟླ་༡༠ པའི་ཚེས་ ༧ ༢༠༡༩

༉ བསམ་རྩེ་རྫོང་ཁག་ རྡོ་རོ་ཁ་དྲུང་ཁག་ནང་ལུ་ ཁྱིམ་གུང་པ་མང་ཤོས་ཅིག་གིས་རང་ བཞེས་སྒོ་འབད་ནི་གི་དོན་ལུ་ མེ་རླུང་བ་ཡོ་གེས་ཚུ་ གདམ་ཁ་རྐྱབ་ནི་འགོ་བཙུགས་ཏེ་འདུག

ས་གནས་འདི་ཁའི་མི་སེར་ཚུ་གིས་བཀོད་མི་ནང་ མེ་རླུང་བ་ཡོ་གེས་འདི་ རང་བཞིན་སླར་བྱུང་ནུགས་ཤུགས་ཅིག་འབདཝ་ལས་ མཐའ་འཁོར་དང་གཅིག་ཁ་ལུ་ མཐུན་དོ་ཡོདཔ་མ་ཚད་ ཟད་འགྲོ་མར་ཕབ་འབད་ཚུགས་ནི་འདི་གིས་ འཚོ་བའི་གནས་སྟངས་ཚུ་ ཡར་དྲག་བཏང་ཚུགས་པའི་ ཕན་ཐོགས་འབྱུང་སྟེ་ཡོདཔ་སྦེ་བཤད་ཅི།

ད་རེས་ རྒེད་འགོ་འདི་ནང་ལུ་ བ་ཡོ་གེས་ལག་ལེན་འཐབ་མི་ ཁྱིམ་གུང་པ་༢༧༠་དེ་ཅིག་ཡོདཔ་ད་ ད་རུང་ར་ མེ་རླུང་བཙུགས་ནི་གི་དོན་ལུ་ ཡི་ཡིག་༤༠་ལྷགཔ་ཅིག་ལྷོད་དེ་འདུག

མི་ཚུ་གིས་སླབ་མི་ནང་ ཁོང་ཆ་ཁྱབ་ཀྱིས་ མེ་རླུང་འདི་ལུ་ དེ་སྦེ་དང་འདོད་སྐྱེད་མི་འདི་ཡང་ མེ་རླུང་འདི་གི་ཁེ་ཕན་ཚུ་གི་སྐོར་ལས་ ཧ་གོ་ནི་འདི་གིས་ཨིན་ཟེར་བཤད་ཅི།

འདི་ཡང་ མེ་རླུང་འདི་ལས་བརྟེན་ཏེ་ ཐབ་ཤིང་དང་དུ་པ་ནང་ལུ་ བཞེས་སྒོ་ཚུ་འབད་མ་དགོཔ་ལས་ འཕྲོད་བསྟེན་ལུ་ཁེ་ཕན་འདུག་ཟེར་ཨིན་མས།

འདི་མ་ཚད་ མེ་རླུང་བ་ཡོ་གེས་གི་མཐུན་རྐྱེན་འདི་ ཨམ་སྲུ་དང་ཕོ་སྐྱེས་ག་གིས་རང་འབད་རུང་ འཇམ་ཏོང་ཏོ་སྦེ་ གཞི་བཙུགས་འབད་ཚུགས་དོ་ཡོདཔ་ཨིན་མས།

མེ་རླུང་འདི་གི་དོན་ལུ་ རྒྱུཔ་ཆ་གཙོ་བོ་ཅིགཔ་འདི་ ནོ་གི་ཨ་བ་ཚུ་དགོ་དོ་ཡོདཔ་ད་ འདི་ཚུན་ གཡུས་ཁའི་མི་ཚུ་གི་དོན་ལུ་ དཀའ་ངལ་རང་མེད་པར་ ཐོབ་ཚུགས་དོ་ཡོདཔ་ཨིན།

ད་རུང་ མི་སེར་ཚུ་གིས་སླབ་མི་ནང་ མེ་རླུང་གི་མཐུན་རྐྱེན་འགོ་ཐོག་རྐྱབ་པའི་སྐབས་ དུམ་གྲ་ཅིག་ལཱ་ཁག་བཏང་དོ་ཡོདཔ་རུང་ ལཱ་འདི་མཇུག་བསྡུ་བའི་བསྒང་ལས་ ནོ་གི་ཨ་བ་དང་ ཆུ་བླུགས་ནི་ལས་བརྒལ་ གཞན་འབད་དགོཔ་མི་འཐོན་དོ་ཡོདཔ་སྦེ་བཤད་ཅི།

འདི་མ་ཚད་ མེ་རླུང་བོ་ཡོ་གེས་གི་དོན་ལུ་གཡོག་བཀལ་ཚར་མི་ ནོ་གི་ཨ་བ་དང་ཆུ་སླ་བསྲེ་རྐྱབ་སྟེ་ཡོད་མི་འདི་ སྐམ་བཞག་པའི་ཤུལ་ལུ་ ལུད་འདི་ ལོ་ཐོག་གི་དོན་ལུ་ གནའ་མེད་ས་མེད་ལེགས་ཤོམ་འདུག་ཟེར་ཨིན་མས།

མེ་རླུང་བ་ཡོ་གེས་གི་དོན་ལུ་ ནོ་གི་ཨ་བ་དང་ཆུ་བླུགས་སའི་མཐུན་རྐྱེན་འདི་ སྦོམ་ཆུང་གསུམ་ཁྱོན་མི་ཊར་བཞི་དང་དྲུག་སྦེ་ བཟོ་སྟེ་ཡོདཔ་ད་ གསུམ་ཁྱོན་མི་ཊར་བཞི་འབད་མི་ མཐུན་རྐྱེན་འདི་གིས་ འཐུས་མི་ལྔ་འབད་མི་བཟའ་ཚང་ལུ་ལང་པའི་ མེ་རླུང་བཏོན་ཚུགས་དོ་ཡོདཔ་ཨིན་མས།