གཟའ་མིག་དམར། ༢༠༡༩ ཟླ་༡༠ པའི་སྤྱི་ཚེས་༡༤

ཇོ་མོ་གཙང་ཁ་དྲུང་ཁག་ནང་ལུ་ འབྲིང་རིམ་སློབ་གྲྭ་གོང་མ་ཅིག་ གཞི་བཙུགས་འབད་དགོཔ་ཡོདཔ།

སྤྱི་ཟླ་༡༠ པའི་ཚེས་ ༧ ༢༠༡༩

༉ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ ཇོ་མོ་གཙང་ཁ་དྲུང་ཁག་གི་མི་སེར་ཚུ་གིས་འབད་བ་ཅིན་ ཁོང་གི་ས་སྒོ་ནང་ལུ་ འབྲིང་རིམ་སློབ་གྲྭ་གོང་མ་གཅིག་དགོཔ་འདི་ ཁག་ཆེཝ་སྦེ་རང་ཡོདཔ་སྦེ་ཨིན་མས།

འདི་ཡང་ ཁོང་ཆ་ཁྱབ་ཀྱིས་བཀོད་མི་ནང་ ད་རེས་ དྲུང་ཁག་འདི་ནང་ལུ་ རྒེད་འོག་གསུམ་གྱི་དོན་ལུ་ འབྲིང་རིམ་སློབ་གྲྭ་བར་མ་གཉིས་ཡོདཔ་ཨིན་རུང་ སློབ་ཕྲུག་ཚུ་ སློབ་རིམ་༡༠པ་མཇུག་བསྡུ་བའི་བསྒང་ལས་ ཕུན་ཚོགས་ཐང་དང་ ཨོ་རོང་འབྲིང་རིམ་སློབ་གྲྭ་གོང་མ་ནང་ལས་ཕར་ ཤེས་ཡོན་སྦྱང་པར་ བཏང་དགོཔ་འཐོན་ནི་འདི་གིས་ ཨིནམ་སྦེ་བཤད་ཅི།

འདི་བཟུམ་སྦེ་ ཕམ་ཚུ་གིས་བཀོད་མི་ནང་ ཨ་ལུ་ཚུ་ ཇོ་མོ་གཙང་ཁ་ལས་ ཕུན་ཚོགས་ཐང་དང་ཨོ་རོང་ལུ་ ཆོས་བལྟ་བར་བཏང་དགོཔ་འཐོན་པའི་སྐབས་ ད་རེས་ རྒྱལ་ཁབ་ནང་འཁོད་ལས་འཁོར་ལམ་ཅིག་མེད་ནི་འདི་གིས་ རྒྱ་གར་གྱི་གཞུང་ལམ་བརྒྱུད་དེ་རང་ རྒྱུན་འགྲུལ་འཐབ་དགོཔ་ལས་ ཟད་འགྲོ་ལྕི་བ་གི་མ་ཚད་པར་ ཉེན་ཁ་ཡང་ཆེ་བས་ཟེར་ཨིན་མས།

འདི་འབདཝ་ལས་ འབྲིང་རིམ་སློབ་གྲྭ་འདི་ ཇོ་མོ་གཙང་ཁ་ལུ་ར་ཡོད་པ་ཅིན་ ཕམ་ཚུ་ལུ་ ཚ་གྱང་ལང་དགོཔ་མེདཔ་མ་ཚད་ སྟབས་བདེ་ཏོག་ཏོ་འོང་ནི་མས་ཟེར་བཤད་ཅི།

འདི་ལུ་ རྫོང་ཁག་ཤེས་རིག་འགོ་དཔོན་ རིན་ཆེན་རྒྱལ་མཚན་གྱིས་བཀོད་མི་ནང་ ཇོ་མོ་གཙང་ཁ་དྲུང་ཁག་འོག་ལུ་ཡོད་པའི་ སྨིན་ཇི་འུང་སློབ་གྲྭ་ལྟེ་བ་འདི་ སང་ཕོད་ འབྲིང་རིམ་སློབ་གྲྭ་གོང་མ་ལུ་ ཡར་སེང་འབད་ནི་གི་འཆར་གཞི་ཡོདཔ་ལས་ རྪོང་ཁག་ཤེས་རིག་ལས་ཚན་གྱི་ཁ་ཐུག་ལས་ ཤེས་རིག་ལྷན་ཁག་ལུ་ གནང་བ་གི་དོན་ལུ་ ཞུ་བ་ཡང་ཕུལ་ཏེ་ཡོདཔ་སྦེ་ཨིན་མས།

ན་ཧིང་ ཇོ་མོ་གཙང་ཁ་དྲུང་ཁག་ནང་ལས་ སློབ་ཕྲུག་༧༥དེ་ཅིག་ ཕུན་ཚོགས་ཐང་དང་ཨོ་རོང་འབྲིང་རིམ་སློབ་གྲྭ་གོང་མ་ནང་ལུ་ ཤེས་ཡོན་ཚུ་སྦྱང་པར་ བཏང་དགོཔ་ཐོན་ཡོདཔ་ཨིན་མས།