གཟའ་ཟླ་བ། ༢༠༢༠ ཟླ་༢ པའི་སྤྱི་ཚེས་༢༣

ཟད་འགྲོ་ཉུང་བའི་ཟས་ཐོ་བཟོ་ཚུགས་པའི་ ཡོངས་འབྲེལ་མཉེན་ཆས།

སྤྱི་ཟླ་༡༠ པའི་ཚེས་ ༣ ༢༠༡༩

༉ ཨ་ལུ་ཚུ་ལུ་ ཟས་བཅུད་མ་ཐོབ་པའི་གནད་དོན་སེལ་ནི་གི་དོན་ལས་ འབྲུག་ལུ་ཡོད་པའི་ འཛམ་གླིང་བཟའ་སྤྱོད་ལས་རིམ་ཡིག་ཚང་གིས་ སློབ་གྲྭའི་ཨ་ལུ་ཚུ་ལུ་ ཟས་བཅུད་ལྡན་པའི་ཁར་ ཟད་འགྲོ་ཉུང་བའི་ཟས་ཐོ་བཟོ་ཚུགས་པའི་ ཡོངས་འབྲེལ་མཉེན་ཆས་གཅིག་ བཟོ་སྟེ་འདུག

མཉེན་ཆས་འདི་གིས་ ཨ་ལུ་ཚུ་གིས་ ཟས་བཅུད་ཡོད་པའི་བཞེས་སྒོ་ཚུ་ བཟའ་ཚུགསཔ་སྦེ་བཟོ་ཐབས་ལུ་ ནང་འཁོད་ལས་ཐོན་པའི་སོ་ནམ་གྱི་ཐོན་སྐྱེད་ཚུ་ཡོད་པའི་ཟས་ཐོ་ཚུ་ བཟོཝ་ཨིན་མས།

ལས་འགུལ་འདི་གིས་ ད་རེས་ ཕྱོགས་མ་འདྲཝ་ནང་ལས་ བཟའ་འཐུང་གི་གོང་ཚད་དང་ ལོ་ཐོག་གི་དུས་ཚོད་མ་འདྲཝ་ དེ་ལས་ ལོ་ཚད་དང་འཁྲིལ་ཏེ་ ཟས་བཅུད་ཚུ་ ག་དེ་འབད་རང་དགོཔ་ཡོད་ག་གི་གནས་སྡུད་ཚུ་ བསྡུ་བའི་བསྒང་རང་འདུག

ཟད་ཐོ་བཟོ་ནི་གི་ཐབས་ལམ་འདི་ འགོ་དང་པ་རང་ དུས་ཅི་ལོ་མཇུག་བསྡུ་ཁམས་ལུ་ ཀྲོང་གསར་ལུ་སྦེ་ མོ་བཏབ་ཐོག་ ལག་ལེན་འཐབ་ནི་ཨིན་མས།

འདི་གི་ཤུལ་ལས་ གནས་སྟངས་ཚུ་བལྟ་ཡི་རང་ མགར་ས་དང་སྤུ་ན་ཁ་གི་སློབ་གྲྭ་ཚུ་ནང་ལས་ཕར་ ལག་ལེན་འཐབ་ཞིན་ན་  རྒྱལ་ཡོངས་སློབ་གྲྭའི་ཟས་བཅུད་ལས་རིམ་ནང་ལུ་བཙུགས་ཏེ་སྦེ་ རྒྱལ་ཡོངས་ཀྱི་གནས་ཚད་ཁར་ སློབ་ཕྲུག་སྟོང་ཕྲག་༧༤གི་དོན་ལུ་ ལག་ལེན་འཐབ་ནི་སྦེ་འདུག

ཟད་ཐོ་བཟོ་ནི་གི་མཉེན་ཆས་འདི་ ཤེས་རིག་ལྷན་ཁག་འོག་གི་ སློབ་གྲྭའི་འཕྲོད་བསྟེན་དང་ཟས་བཅུད་ལས་ཚན་དང་མཉམ་འབྲེལ་འབད་དེ་ བཟོ་ཡོདཔ་ཨིན་མས།

འདི་ཡང་ སློབ་གྲྭ་ཚུ་ནང་ལས་ཕར་ བཞེས་སྒོ་འདི་ཚུ་འབྱིན་པའི་བསྒང་རང་ཡོད་མི་ནང་ལུ་ ཟས་བཅུད་འདི་ཚུ་ ག་དེ་སྦེ་རང་ཡོད་ག་ ཞིབ་འཇུག་ཅིག་འགོ་འདྲེན་འཐབ་པའི་ཤུལ་ བཟོ་ཡོདཔ་ཨིན་མས།

ཞིབ་འཇུག་གི་སྐབས་ལུ་ སློབ་གྲྭའི་བཟའ་སྤྱོད་ཀྱི་ལས་རིམ་འདི་ནང་ལུ་ ཟས་བཅུད་དགོཔ་ཡོད་མི་ཚུ་ ཚངམ་སྦེ་མེདཔ་སྦེ་མཐོང་ཡོདཔ་མ་ཚད་ ཟས་ཐོ་བཟོ་བའི་སྐབས་ལུ་ཡང་ ཨ་ལུའི་ཕོ་མོའི་དབྱེ་བ་མེད་པའི་ཁར་ བཟའ་འཐུང་ཡང་ མང་ཤོས་ཅིག་རང་ ནང་འདྲེན་འཐབ་སྟེ་ འབྱིན་དོ་ཡོདཔ་སྦེ་མཐོང་སྟེ་འདུག

འདི་འབདཝ་ལས་ སློབ་གྲྭའི་ཨ་ལུ་ཚུ་ལུ་ གནས་ཚད་དང་ལྡན་པའི་བཞེས་སྒོ་གི་རིགས་ ག་ཅི་བཟུམ་འབྱིན་དགོཔ་འདུག་ག་ བཟོ་དགོཔ་འདི་ ཁག་ཆེཝ་སྦེ་རང་ འཚོར་ཏེ་ཡོདཔ་སྦེ་ཨིན་མས།

འཛམ་གླིང་བཟའ་སྤྱོད་ལས་རིམ་ནང་ལས་ ཡིག་ཚང་འགོ་འཛིན་ སོན་ཏི་ཧེམ་ཀྱིས་བཀོད་མི་ནང་ མཉེན་ཆས་འདི་ བཟའ་འཐུང་མ་འདྲཝ་སྟོང་ཕྲག་༣དང་༤༠༠གུ་ གཞི་བཞག་སྟེ་བཟོ་ཡོདཔ་ལས་ འདི་གིས་ བཟའ་འཐུང་ནང་འདྲེན་འབད་ནི་འདི་ཡང་ མར་ཕབ་འབད་ནི་ནང་ ལྷན་ཐབས་འབད་འོང་བཤད་ཅི།

ཟས་ཐོ་བཟོ་ནི་གི་མཉེན་ཆས་འདི་ ཅིག་ སློབ་གྲྭ་ནང་འགྱོ་མི་ཨ་ལུ་ཚུ་ལུ་ གོང་ཚད་ཁེ་བའི་ཟས་བཅུད་ཡོད་པའི་བཞེས་སྒོ་ཚུ་འབྱིན་ནི་གི་དོན་ལས་ བཟོ་ཡོདཔ་སྦེ་ཨིན་མས།

འཛམ་གླིང་བཟའ་སྤྱོད་ལས་རིམ་གྱི་འགོ་འཛིན་གྱིས་སླབ་མི་ནང་ ཐབས་ལམ་འདི་གིས་ གཞུང་གིས་ ནང་འཁོད་ཀྱི་སོ་ནམ་གོང་འཕེལ་བཏང་ནི་དང་ བཟའ་འཐུང་གི་ཐད་ཁར་ རང་མགོ་རང་འདྲོངས་བཟོ་ནི་ནང་ལུ་ བརྩོན་ཤུགས་སྐྱེད་མི་ལུ་ཡང་ ལྷན་ཐབས་འབྱུང་འོང་ཟེར་ཨིན་མས།

ཟས་ཐོ་བཟོ་ནི་གི་མཉེན་ཆས་འདི་ སྤྱི་ལོ་༢༠༢༠ལུ་ དྷུ་བྷའི་ལུ་སྦེ་འགོ་འདྲེན་འཐབ་ནི་ཨིན་མི་ འཛམ་གླིང་གི་འགྲེམ་སྟོན་ལས་རིམ་འདི་ནང་ལུ་ཡང་ འཛམ་གླིང་ནང་གི་ཐབས་ལམ་དྲག་ཤོས་ཚུ་གི་གྲལ་ལས་གཅིག་སྦེ་ གསལ་སྟོན་འབད་ནི་སྦེ་འདུག