གཟའ་མིག་དམར། ༢༠༡༩ ཟླ་༡༠ པའི་སྤྱི་ཚེས་༡༤

བུམོ་ཅིག་གིས་མི་སྡེ་བརྡ་བརྒྱུད་ནང་ལུ་ པར་དང་གློག་བརྙན་ཚུ་ བཙུགས་དོ་ཡོདཔ།

སྤྱི་ཟླ་༩ པའི་ཚེས་ ༢༣ ༢༠༡༩

༉ འབྲུག་ལུ་ ད་རེས་འགོ་དང་པ་ སྐྱེས་ལོ་༢༩ལང་མི་ ཚེ་རིང་སྒྲོལ་དཀར་གྱིས་ འགྲོ་འགྲུལ་འབད་ཡི་རང་ པར་དང་གློག་བརྙན་ཚུ་བཟོ་ཡི་ར་ མི་སྡེ་བརྡ་བརྒྱུད་ཚུ་ནང་ལས་ཕར་སྒྲོལ་དཀར་གཱེཊ་ཝེ་ཟེར་མིང་བཏགས་ཏེ་སྦེ་ བཙུགསཔ་ཨིན་མས།

མོ་གིས་ མི་སྡེ་བརྡ་བརྒྱུད་ཀྱི་ནང་ལས་ཕར་ ལོ་གཉིས་ཀྱི་ཧེ་མ་ལས་ ས་གནས་ཀྱི་པར་དང་གློག་བརྙན་ཚུ་ བཙུགས་ནི་འགོ་བཙུགས་ཡོདཔ་ད་ འདི་ཡང་ མོ་ར་ ཕར་ཚུར་འགྲོ་འགྲུལ་འབད་མི་ཅིག་འབད་བའི་ཁར་ ད་རེས་ནངས་པར་ འདི་བཟུམ་གྱི་ལཱ་འབད་ནི་ནང་ གློག་རིག་གི་མཐུན་རྐྱེན་འདི་གིས་ ལྷན་ཐབས་འབད་ནི་འདི་གིས་ཨིན་ཟེར་བཤད་ཅི།

སྒྲོལ་དཀར་གྱི་གློག་བརྙན་ཚུ་བལྟ་མི་ ཡུ་ཊུབ་ནང་ལུ་མི་༡༣༠༠དེ་ཅིག་དང་ ཕེས་བུག་ནང་ལུ་ སྟོང་ཕྲག་༥ལྷགཔ་ཅིག་ དེ་ལས་ ཨིན་ཊོ་གཱརམ་ནང་ལུ་ ཡུདཔ་ཅིག་སྟོང་ཕྲག་༡༡དེ་ཅིག་ཡོདཔ་སྦེ་ཨིན་མས།

མོ་གིས་སླབ་མི་ནང་ མོ་ར་ བལྟ་བཤལ་འཛིན་སྐྱོང་ནང་ལུ་ མཐོ་རིམ་གོང་མའི་ཤེས་ཡོན་སྦྱང་སྡོད་པའི་སྐབས་ འབྲུག་པའི་བལྟ་བཤལ་ལས་སྡེ་གི་སྐོར་ལས་ ཁ་གསལ་ཚུ་ཐོབ་ཚུགས་པ་ལུ་ ལཱ་ཁག་བཏང་ནི་འདི་གིས་ མོ་རའི་ལྕོགས་གྲུབ་དང་འཁྲིལ་ཏེ་ ཉམས་མྱོང་འདི་ཚུ་བཤད་ནི་འགོ་བཙུགས་ཡོདཔ་སྦེ་བཤད་ཅི།

མོ་གིས་འབད་བ་ཅིན་ འགྲོ་འགྲུལ་ཟེར་མི་འདི་ འབྲུག་མི་མང་ཤོས་ཅིག་གིས་རང་ ཨིན་ཅི་མིན་ཅི་ གནམ་གྲུ་ནང་ལུ་འཛུལ་ཏེ་ ཕྱི་རྒྱལ་ཁབ་ནང་ལུ་འགྱོ་དགོཔ་སྦེ་ མནོཝ་མས་ཟེར་ཨིན་མས།

འདི་འབདཝ་ལས་ མོ་གིས་ འབྲུག་ལུ་རང་ འགྲོ་འགྲུལ་འཐབ་ཞིན་ན་ གློག་བརྙན་འདི་ཚུ་བཟོ་ཡི་རང་ མི་སྡེ་བརྡ་བརྒྱུན་ཚུ་ནང་ལས་ཕར་བཀྲམ་ནི་འགོ་བཙུགས་ཡི་ཟེར་ཨིན་མས།

ད་རུང་ མོ་གིས་སླབ་མི་ནང་ མི་སྡེ་བརྡ་བརྒྱུད་འདི་ཚུ་གིས་ མོ་ལུ་ ཧེ་མ་མནོ་བསམ་རང་མེད་པའི་ གོ་སྐབས་ལེ་ཤ་ཅིག་རང་ ཐོབ་ཚུགས་པའི་ ཁེ་ཕན་འབྱུང་སྟེ་ཡོདཔ་སྦེ་བཤད་ཅི།

འདི་བཟུམ་སྦེ་ མོ་གིས་ ད་ལས་ཕར་ ལ་བཤལ་འགྱོ་ནི་དང་ ས་ཆ་མ་འདྲཝ་ཚུ་ནང་ལས་ཕར་བཤལ་འགྱོ་ནི་གི་མ་དོ་བར་ ཐོན་སྐྱེད་འདི་ཚུ་ ཚོང་བསྒྲགས་འབད་ནི་ནང་ལུ་ཡང་ བརྩོན་ཤུགས་སྐྱེད་ནི་སྦེ་འདུག

མོ་གིས་ མི་སྡེ་བརྡ་བརྒྱུད་ནང་ལུ་ སྒྲོལ་དཀར་གཱེཊ་ཝེ་ནང་ལུ་ མགྱོགས་པ་རང་ ཇ་གི་ཐོན་སྐྱེད་འདི་ཚུ་ ཁྱབ་སྤེལ་བཏང་དགོཔ་སྦེ་ སླབ་སྟེ་ཡོདཔ་སྦེ་ཨིན་མས།

འདི་ཡང་ ལ་སྡེ་འདི་གིས་འབད་བ་ཅིན་ མི་སྡེ་བརྡ་བརྒྱུད་ཀྱི་ཐོག་ལས་ ཁོང་རའི་ཐོན་སྐྱེད་ཚུ་ རྒྱལ་ཁབ་ནང་འཁོད་ལུ་མ་ཚད་པར་ ཕྱི་རྒྱལ་ཁབ་ཚུ་ནང་ལས་ཕར་ཡང་ གསལ་སྟོན་འབད་ཚུགས་པའི་ དམིགས་གཏད་དེ་ཨིནམ་སྦེ་བཤད་ཅི།

ཚེ་རིང་སྒྲོལ་དཀར་གྱིས་ ད་ལྟོ་ཚུན་ཚད་ རྫོང་ཁག་༢༠གི་གྲལ་ལས་༡༧གྱི་ནང་ལུ་ སོང་ཞིན་ན་ ཉམས་མྱོང་འདི་ཚུ་ བཤད་ཚར་ཏེ་འདུག