གཟའ་མིག་དམར། ༢༠༡༩ ཟླ་༩ པའི་སྤྱི་ཚེས་༡༦

ནད་པའི་ཉེན་སྲུང་ཡར་དྲག་བཏང་ནི་གི་གྲོས་འདེབས་དོན་ལུ་ རྒྱལ་ཡོངས་ཀྱི་ཞལ་འཛོམས་ཚོགས་པའི་བསྒང་།

སྤྱི་ཟླ་༩ པའི་ཚེས་ ༡༡ ༢༠༡༩

༉ འབྲུག་རྒྱལ་ཁབ་ཀྱིས་ ད་རེས་ཟླཝ་གི་སྤྱི་ཚེས་༡༧གྱི་ཚེ་ རྒྱལ་སྤྱི་དང་ཅིག་ཁར་ འཛམ་གླིང་ནད་པའི་ཉེན་སྲུང་གི་ཉིནམ་ འགོ་དང་པ་ བརྩི་སྲུང་འབད་ནི་ཨིན་མས།

ལས་རིམ་འདི་གི་དོན་ལུ་ གསོ་བའི་ལྷན་ཁག་གིས་ ད་རིས་ལས་ ཐིམ་ཕུག་ལུ་སྦེ་ ཉིནམ་གཉིས་ཀྱི་རིང་ ནད་པའི་ཉེན་སྲུང་གི་ཐོག་ལུ་ ཞལ་འཛོམས་ཅིག་ཚོགས་ནི་འགོ་བཙུགས་ཏེ་ཡོདཔ་ཨིན།

ཞལ་འཛོམས་འདི་ནང་ལུ་ རྒྱལ་ཁབ་ནང་འཁོད་ལས་ དྲུང་འཚོ་དང་སྨན་གཡོགམ་ དེ་ལས་ གཞན་མི་གསོ་བའི་ལས་བྱེདཔ་ བརྒྱ་ལྷགཔ་ཅིག་གིས་ གྲལ་ཁར་གཏོགས་པའི་བསྒང་ར་འདུག

ཞལ་འཛོམས་འདི་ལས་བརྟེན་ཏེ་ རྒྱལ་ཁབ་ནང་ལུ་ ནད་པའི་ཉེན་སྲུང་ཡར་དྲག་བཏང་ནི་གི་དོན་ལས་ གྲོས་འདེབས་ཚུ་ཐོབ་ཚུགས་པའི་ རེ་བ་ བསྐྱེདཔ་ཨིན་མས།

འདི་ཡང་ གསོ་བའི་བློན་པོ་ བདེ་ཆེན་དབང་མོ་གིས་གསུང་མི་ནང་ ཞལ་འཛོམ་འདི་ནང་ལུ་ ཨ་ལུ་རྨས་སྐྱེས་གྱོང་མི་དང་ ཨ་ལུའི་ནདཔ་འཚབས་ཆེན་བཞག་ས་ལུ་ ཨ་ལུ་དག་པ་ཅིག་ལུ་ ཤི་རྐྱེན་བྱུང་མི་གི་གནད་དོན་ཚུ་རྩིས་ཏེ་ གསོ་བའི་ལམ་ལུགས་ནང་ལུ་ ག་ཏེ་ལུ་ འཛོལ་བ་འབྱུང་ཡོདཔ་ཨིན་ན་ ཁ་སླབ་ནི་ཨིནམ་ད་ འཛོལ་བ་འདི་ ཧ་གོ་ཞིནམ་ལས་ ལམ་ལུགས་ནང་ལུ་འགྱུར་བ་ འབག་འོང་ཚུགས་ཟེར་གསུང་ཡི།

གྲོས་འདེབས་ཚུ་ཡང་ འཛམ་གླིང་ནད་པའི་ཉེན་སྲུང་གི་ཉིནམ་ བརྩི་སྲུང་འབད་མི་དང་འབྲེལ་ རྩི་རང་ལུ་ གསོ་བའི་གྲོས་ཚོགས་འགོ་འདྲེན་འཐབ་ས་ལུ་ གསལ་སྟོན་འབད་ནི་སྦེ་འདུག

འཛམ་གླིང་ནད་པའི་ཉེན་སྲུང་གི་ཉིནམ་འདི་ཡང་ འཛམ་གླིང་ནང་ལུ་ ནད་པའི་ཉེན་སྲུང་གི་ཐད་ཁར་ གོ་བརྡ་སྤེལ་ནི་དང་འཛམ་གླིང་གཅིག་སྒྲིལ་དང་ དང་ལེན་ལུ་སེམས་ཤུགས་འབྱིན་ནི་གི་དོན་ལས་ དུས་ཅི་ སྤྱི་ཟླ་༥པའི་ནང་ལུ་ འཛམ་གླིང་གསོ་བའི་ཚོགས་པའི་ཞལ་འཛོམས་ཐེངས་༧༢པ་ཚོགས་པའི་སྐབས་ ཆ་གནས་འབད་དེ་འདུག