གཟའ་མིག་དམར། ༢༠༡༩ ཟླ་༩ པའི་སྤྱི་ཚེས་༡༦

རང་སྲོག་རང་གིས་བཅད་མི་གི་གནད་དོན་འདི་ གྲོང་གསེབ་ནང་ལུ་ཡར་སེང་།

སྤྱི་ཟླ་༩ པའི་ཚེས་ ༡༡ ༢༠༡༩

༉ འཛམ་གླིང་ནང་ལུ་ མི་རྒས་གཞོན་མེད་པར་ རང་སྲོག་རང་གིས་བཅད་མི་གི་ རྒྱུ་རྐྱེན་ལས་བརྟེན་ཏེ་ ཤི་རྐྱེན་འབྱུང་དོ་ཡོདཔ་ད་ གནད་དོན་འདི་ འབྲུག་ལུ་ཡང་ གཞན་མི་རྒྱལ་ཁབ་ཚུ་ནང་ལུ་བཟུམ་སྦེ་རང་ གདོང་ལེན་ཅན་ལུ་ འགྱུར་དོ་ཡོདཔ་ཨིན་མས།

ཨིན་རུང་ རང་སྲོག་རང་གིས་བཅད་ནི་འདི་ བཀག་ཐབས་འབད་ཚུགས་པའི་གནད་དོན་ཅིག་ཨིན་པའི་ཁར་ མི་རྒས་གཞོན་མེདཔ་ག་ར་གིས་རང་ འདི་ལུ་ རྒྱབ་སྐྱོར་ཚུ་འབད་ཚུགས་པའི་ འོས་འབབ་ཡོདཔ་སྦེ་ཨིན་མས།

གསོ་བའི་ལྷན་ཁག་གི་ ཐོ་བཀོད་དང་འཁྲིལ་བ་ཅིན་ འདས་པའི་ལོ་༢ཀྱི་ནང་འཁོད་ རྫོང་ཁག་༢༠ག་རའི་ནང་ལས་ རང་སྲོག་རང་གིས་བཅད་དེ་ཡོདཔ་ད་ འདི་གི་ནང་ལས་ རང་སྲོག་རང་གིས་བཅད་དེ་ ཤི་མི་གནང་དོན་འདི་ བརྒྱ་ཆ་༨༨་གྲོང་གསེབ་ནང་ཕར་ འབྱུང་ཡོདཔ་སྦེ་ཨིན་མས།

འདི་གི་གྲལ་ལས་ཡང་ རང་སྲོག་རང་གིས་བཅད་མི་ བརྒྱ་ཆ་༦༦འདི་ གཉེན་རྐྱབ་མི་དང་ ཤེས་ཡོན་ཉུང་སུ་སྦེ་ཡོད་མི་ཚུ་ཨིནམ་སྦེ་ ཐོ་བཀོད་འབད་དེ་འདུག

ཨཱསི་ཊེ་ལི་ལས་   ད་རེས་ གསོ་བའི་ལྷན་ཁག་ནང་ལུ་ ཁས་བླངས་པ་ཅིག་སྦེ་    ཕྱག་ཞུ་སེམས་ཁམས་རིག་པའི་མཁས་མཆོག་ ཀཱར་ལི་ཀཱལ་ཊར་བྷཀ་གིས་སླབ་མི་ནང་ རང་སྲོག་རང་གིས་བཅད་ནི་གི་གནད་དོན་འདི་ བཀག་ཐབས་འབད་དགོ་པ་ཅིན་ འདི་གི་རྒྱུ་རྐྱེན་དང་ ཉེན་བརྡ་འདི་ཚུ་གི་སྐོར་ལས་ རང་དང་གཞན་ག་ར་ལུ་ ཤེས་ཡོན་སྤེལ་དགོཔ་འདི་ གནམ་མེད་ས་མེད་ཁག་ཆེ་ཟེར་བཤད་ཅི།

ད་རུང་ མཁས་མཆོག་འདི་གིས་སླབ་མི་ནང་ རང་སྲོག་རང་གིས་བཅད་ནི་གི་ཉེན་བརྡ་ཚུ་ཡང་ ཨ་རྟག་དང་མ་འདྲཝ་སྦེ་ ལྟོ་ཚད་ལས་བརྒལ་ཟ་ནི་དང་ ཡང་ཅིན་ ཨ་རྟག་བཟུམ་སྦེ་ ལྟོ་མ་ཟ་བར་སྡོད་ནི་ དེ་ལས་ ཞག་ལེགས་ཤོམ་སྦེ་ཉལ་མ་ཚུགས་མི་དང་ ད་ལྟོ་ལེགས་ཤོམ་ཡོད་ས་ ད་ལྟོ་རང་ ཙིགཔ་བཟའ་ནི་ཚུ་ཨིནམ་ལས་ འདི་ཚུ་ དུས་ཚོད་ཁར་ཤེས་ཚུགས་པ་ཅིན་ བཀག་ཐབས་འབད་ཚུགས་ཟེར་བཤད་ཅི།

འདི་འབདཝ་ལས་ རང་སྲོག་རང་གིས་མི་བཅད་ནི་གི་ཐབས་ལམ་དྲག་ཤོས་ར་ རང་སྲོག་རང་གིས་བཅད་ནི་གི་ དཔའ་བཅམ་དྲག་མེན་ན་ཟེར་བའི་ དྲི་བ་ཚུ་བཀོད་དགོཔ་ད་ དེ་སྦེ་ དྲི་བ་བཀོད་མི་འདི་གིས་ ཁོ་གིས་ མི་བརྒྱ་ཆ་༩༠ལྷགཔ་ཅིག་ལུ་རང་ རང་སྲོག་རང་གིས་བཅད་ནི་གི་གནད་དོན་འདི་ མར་ཕབ་འབད་ཚུགས་ཏེ་ཡོདཔ་སྦེ་ཨིན་མས།

ད་རུང་ སེམས་ཁམས་མཁས་མཆོག་འདི་གིས་འབད་བ་ཅིན་ རང་སྲོག་རང་གིས་བཅད་ནི་གི་སྐོར་ལས་ ཁ་ཚུ་སླབ་མི་འདི་གིས་ རང་སྲོག་རང་གིས་བཅད་ནི་སྦེ་མནོ་སྡོད་མི་ཚུ་ བསྒྱུར་བཅོས་རྐྱབ་ཚུགས་ཟེར་བཤད་ཅི།

འདི་བཟུམ་སྦེ་ སྤྱོད་ཁྲལ་དགོངས་ཡངས་ཨང་༡༡༢ནང་ལུ་ བརྒྱུད་འཕྲིན་བཏང་ཞིན་ན་ རྒྱབ་སྐྱོར་ཚུ་ལེན་རུང་ རང་སྲོག་རང་གིས་བཅད་ནི་འདི་ ཉེན་སྲུང་འབད་ཚུགས་པའི་ ཁེ་ཕན་ཡོདཔ་སྦེ་ཨིན་མས།