གཟའ་ཟླ་བ། ༢༠༡༩ ཟླ་༡༢ པའི་སྤྱི་ཚེས་༡༥

སྤུ་ན་གཙང་ཆུ་ ཁ་བསྒྱུར་བཏང་ནི་གི་ལཱ་ཚུ་ འབད་བའི་བསྒང་།

སྤྱི་ཟླ་༨ པའི་ཚེས་ ༡༤ ༢༠༡༩

༉ དབང་འདུས་ཕོ་བྲང་རྫོང་ཁག་ ཨ་ཐང་རྒེད་འོག་ནང་ཡོད་པའི་ འཕངས་རོང་ཆུ་བདའ་སྟེ་ འདས་པའི་གཟའ་ལྷགཔ་གི་ཕྱི་རུ་ ཆུ་ཚོད་༩དེ་ཅིག་ཁར་ ཆུ་རུད་འཐོན་པའི་ཤུལ་མ་ སྤུ་ན་གཙང་ཆུ་གི་ཤ་ཆས་དག་པ་ཅིག་བསུབ་སྟེ་ཡོད་མི་འདི་ ད་རེས་ ཁ་བསྒྱུར་བཏང་ནི་གི་ལཱ་ཚུ་ འབད་བའི་བསྒང་རང་འདུག

ཆུ་རུད་འདི་ལས་བརྟེན་ རག་རོ་ལེ་ཤ་སྦེ་སྤོངས་ཏེ་ཡོད་མི་དང་ ད་རེས་ སྤུ་ན་གཙང་ཆུ་བྲེས་མི་ལས་བརྟེན་ཏེ་ གཙང་ཆུ་ཁ་བསྒྱུར་བཏང་ནི་གི་ལཱ་འདི་ འཇམ་ཏོང་ཏོ་སྦེ་ འབད་ཚུགས་པའི་འོས་འབབ་མེད་རུང་ གྲོས་ཀྱིས་སྦེ་ ཁ་བསྒྱུར་བཏང་ནི་གི་དོན་ལས་ ས་བརྐོ་མི་འཕྲུལ་ཆས་ཚུ་བཙུགས་ཞིན་ན་ ལཱ་འབད་དོ་ཡོདཔ་ཨིན་མས།

གཙང་ཆུ་ཁ་བསྒྱུར་བཏང་ནི་གི་ལཱ་ཚུ་ཡང་ གཟའ་པ་སངས་ཀྱི་ཚེས་ལས་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་གོ་རིམ་༢པ་དང་ ལམ་སེལ་ལས་ཁུངས་ཀྱིས་ རྫོང་ཁག་དང་གཅིག་ཁར་མཉམ་འབྲེལ་འབད་དེ་ འགོ་འདྲེན་འབད་དོ་ཡོདཔ་ཨིན་མས།

གཙང་ཆུ་འདི་གིས་ གཞུང་ལམ་བདའ་སྟེ་ གནོད་སྐྱོན་སྦོམ་སྦེ་རང་ རྐྱབ་སྟེ་ཡོདཔ་ལས་ དབང་འདུས་དང་རྩི་རང་གི་གཞུང་ལམ་འདི་ ད་ལྟོའི་བར་ན་ཡང་ སྣུམ་འཁོར་རྒྱུན་འགྲུལ་གྱི་དོན་ལུ་ སྒོ་ཕྱི་མ་ཚུགས་པར་འདུག

ད་རུང་ ཆུ་རུད་འདི་ལས་བརྟེན་ཏེ་ སྣུམ་འཁོར་༤དང་ ཐོག་ཚད་༢འབད་མི་རང་ལུགས་ཀྱི་ཁྱིམ་གཅིག་ དེ་ལས་ ཨ་ཐང་རྒེད་འོག་ལྟེ་བ་དང་ དབང་འདུས་དང་རྩི་རང་གི་གཞུང་ལམ་མཐུད་འབྲེལ་འབད་མི་ རྩི་ས་གི་ཟམ་གཅིག་ཡང་ འཕྱག་འབག་ནུག

འདི་བཟུམ་སྦེ་ ཆུ་རུད་འདི་གིས་ ཨ་ཐང་རྒེད་འོག་ནང་ལུ་ཡོད་པའི་ བྱ་རོགས་སྒང་རྫ་བོ་སྤྱི་འོག་ནང་ལུ་ ཟ་ཆུ་དང་ཞིང་ཆུའི་གཡུར་བ་ དེ་ལས་ བྱཱ་ཞིང་ཨེ་ཀར་༢༠དེ་ཅིག་ཡང་ མེདཔ་བཏང་སྟེ་སྦེ་འདུག

ཆུ་རུད་འཐོན་པའི་ཤུལ་ལུ་ སྤུ་ན་གཙང་ཆུ་གོ་རིམ་༢་པའི་ནང་ལུ་ ལཱ་འབད་མི་རྒྱ་གར་གྱི་མི་ཁུངས་༤་ཡང་ ག་སོང་མེད་པར་འབྱང་ཡོདཔ་ད་ ཁོང་ཆ་ཁྱབ་ ད་རེས་ འཚོལ་བའི་བསྒང་ར་ཡོདཔ་ཨིན་མས།

སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་གོ་རིམ་༢པའི་ནང་ལས་ འགོ་དཔོན་ཚུ་གིས་སླབ་མི་ནང་ ཆུ་རུད་འདི་གིས་སྦེ་ དངུལ་ཀྲམ་ས་ཡ་སྟོང་ཕྲག་༧གནས་པའི་ཅ་ཆས་ཚུ་བཞག་སའི་ མཛོད་ཁང་དང་ ལྕགས་ཀྱི་ཅ་ཆས་ཚུ་བཟོ་སའི་འཕྲུལ་ཁང་༢་ཡང་ གནོད་སྐྱོན་རྐྱབ་ཡོད་སྦེ་བཤད་ཅི།

ཨིན་རུང་ ས་གོ་འདི་༢་ཀྱི་ནང་ལུ་ གནོད་སྐྱོན་ཚུ་ག་དེ་ཅིག་རྐྱབ་ཡོད་ག་ བརྟག་ཞིབ་འབད་ནི་གི་དོན་ལུ་ ད་ལྟོའི་བར་ན་ཡང་ འགྱོ་མ་ཚུགས་པར་ཡོདཔ་སྦེ་ཨིན་མས།