གཟའ་ཕུར་བུ། ༢༠༡༩ ཟླ་༡༢ པའི་སྤྱི་ཚེས་༡༡

རྒྱལ་ཡོངས་ན་གཞོན་འབྲེལ་གཏོགས་དང་ གསོ་བའི་ཤེས་ཡོན་ལས་རིམ་ནང་ལུ་ ན་གཞོན་ཚུ་གིས་གྲལ་གཏོགས།

སྤྱི་ཟླ་༨ པའི་ཚེས་ ༡༤ ༢༠༡༩

༉ ན་གཞོན་ཚུ་ གྲོས་ཐག་བཅད་ནི་ནང་ འབྲེལ་གཏོགས་འབད་བཅུག་ནི་དང་ འཕྲོད་བསྟེན་ཁག་ཆེ་བའི་སྐོར་ལས་ གོ་བ་སྤེལ་ཐབས་ཀྱི་དོན་ལུ་ ན་གཞོན་༦༠༠དེ་ཅིག་གིས་ ད་རེས་འགོ་དང་པ་ རྒྱལ་ཡོངས་ན་གཞོན་འབྲེལ་གཏོགས་དང་ གསོ་བའི་ཤེས་ཡོན་ལས་རིམ་ནང་ལུ་ གྲལ་ཁར་གཏོགས་དོ་ཡོདཔ་ཨིན་མས།

ལས་རིམ་འདི་ལས་བརྟེན་ བཅའ་མར་གཏོགས་མི་ཚུ་གིས་ གསོ་བའི་དཀའ་ངལ་ཚུ་གི་ཐོག་ལུ་ གྲོས་བསྡུར་འབད་ནི་དང་ དཀའ་ངལ་ཚུ་ཡང་ མཉམ་འབྲེལ་སྦེ་ སེལ་ནི་གི་ཐབས་ལམ་ཚུ་ ངོས་འཛིན་འབད་ནི་ནང་ ཕན་ཐོགས་འབྱུང་བའི་རེ་བ་འདུག

གསོ་བའི་བློན་པོ་ བདེ་ཆེན་དབང་མོ་གིས་གསུང་མི་ནང་ ལས་རིམ་འདི་ལས་བརྟེན་ཏེ་ ངེས་བདེན་ཨིན་པའི་གྲོས་ཐག་ཚུ་ ལེགས་ཤོམ་སྦེ་བཅད་ནི་ནང་ལྷན་ཐབས་འབྱུང་འོང་ཟེར་བཤད་ཅི།

ཉིནམ་༢ཀྱི་ལས་རིམ་གྱི་སྐབས་ལུ་ བཅའ་མར་གཏོགས་མི་ཚུ་གིས་ ལུས་འབྲེལ་དང་སྐྱེས་རྒྱུན་འཕྲོད་བསྟེན་གྱི་ཐོབ་དབང་ དེ་ལས་ ཕོ་མོ་ངོས་འཛིན་གྱི་ཚོར་བ་དང་ ན་གཞོན་འབྲེལ་གཏོགས་འབད་དགོཔ་ཚུ་ ཁག་ཆེ་བའི་སྐོར་ལས་ གྲོས་བསྡུར་ཚུ་ འབད་ནི་ཨིན་མས།

ལས་རིམ་འགོ་འདྲེན་པ་ ལས་སྐྱིད་ཚེ་རིང་གིས་བཀོད་མི་ནང་ ནངས་པ་ གནད་དོན་འདི་ཚུ་གུར་ གསལ་ཞུ་འབད་དེ་ ན་གཞོན་ཚུ་གིས་བསམ་འཆར་བཤད་མི་ཚུ་ ཐོ་བཀོད་འབད་ཞིན་ན་ ཀི་དེབ་སྦེ་བཟོ་སྟེ་ འབྲེལ་ཡོད་ལས་སྡེ་ཚུ་ལུ་ བཀྲམ་སྤེལ་འབད་ནི་དང་ ཡང་ཅིན་ བློན་ཆེན་གྱི་ཡིག་ཚང་ནང་ལུ་ཡང་ ཕུལ་འོང་ཟེར་བཤད་ཅི།

ལས་རིམ་འདི་ཡང་ ད་ལས་ཕར་ ལོ་བསྟར་བཞིན་དུ་རང་ འགོ་འདྲེན་འཐབ་ནི་གི་ལས་རིམ་འདུག