གཟའ་ལྷག་པ། ༢༠༡༩ ཟླ་༡༡ པའི་སྤྱི་ཚེས་༡༢

ལ་ཡ་རྒེད་འོག་གི་མཐའ་ཟུར་གཡུས་ཚན་ཅིག་ནང་ ཨ་ལུ་གཅེས་སྐྱོང་ལྟེ་བ་གཞི་བཙུགས་འབད་དེ་ཡོདཔ།

སྤྱི་ཟླ་༤ པའི་ཚེས་ ༡༨ ༢༠༡༩

༉ ལ་ཡ་རྒེད་འོག་གི་ མཐའ་ཟུར་གཡུས་ཚན་ཅིག་ཨིན་མི་ ལུང་སྒོ་གཡུས་ཚན་གྱི་ཨ་ལུ་ཚུ་གི་དོན་ལས་ ཨ་ལུ་གཅེས་སྐྱོང་ལྟེ་བ་ཅིག་ གཞི་བཙུགས་འབད་དེ་ཡོདཔ་ཨིན་མས།

འདི་བཟུམ་མའི་ ས་ཁ་མཐོ་སའི་ས་གནས་ནང་ལུ་ ལྟེ་བ་གཞི་བཙུགས་འབད་མི་འདི་ཡང་ རྒྱལ་ཁབ་ནང་འཁོད་ཀྱི་ གྲོང་གསེབ་ཨ་ལུ་ག་ར་ལུ་ འགོ་དང་པ་མི་ཚེ་ནང་ལུ་ ཤེས་ཡོན་དང་འབྲེལ་བའི་གོ་སྐབས་ བྱིན་ཐབས་ལུ་དམིགས་ཏེ་ཨིན་མས།

ད་རེས་ལྟེ་བ་གསརཔ་ གཞི་བཙུགས་འབད་དེ་ཡོད་མི་འདི་ནང་ལུ་ སྐྱེས་ལོ་༣ ལས་༥ ཚུན་འབད་མི་ ཨ་ལུ་༡༥ གིས་ དྲོ་པ་ཆུ་ཚོད་༩ ལས་ ཉི་མ་ཆུ་ཚོད་༢ ཚུན་ཚོད་ ཤེས་ཡོན་དང་ རྩེདམོ་ཚུ་རྩེད་དེ་སྦེ་སྡོད་སར་མཐོང་ཚུགས་དོ་ཡོདཔ་ཨིན།

ཨ་ལུའི་ཕམ་ཚུ་གིས་སླབ་མི་ནང་ འདི་བཟུམ་མའི་ གྲོང་གསེབ་གཡུས་ཚན་ནང་ལུ་ ལྟེ་བ་གཞི་བཙུགས་འབད་མི་འདི་གིས་ ཁོང་གི་ཨ་ལུ་ཚུ་གི་ ཤེས་ཡོན་རྒྱ་སྐྱེད་འབད་ནི་ལུ་ ཕན་སྦོམ་སྦེ་རང་ ཐོགས་ཚུགས་ནི་ཨིནམ་མ་ཚད་ ཕམ་ཚུ་ ལཱ་སར་འགྱོ་བའི་སྐབས་ལུ་ ཨ་ལུ་ཚུ་གི་ཉེན་སྲུང་ལུ་ཡང་ སྟབས་བདེ་ཏོག་ཏོ་སོང་ཡི་ཟེར་བཤད་ཅི།

ལྟེ་བ་འདི་ཡང་ དུས་ཅི་སྤྱི་ཟླ་༤ པའི་ནང་ལུ་ རྒྱལ་སྤྱི་ཨ་ལུའི་མ་དངུལ་གྱི་རྒྱབ་སྐྱོར་ཐོག་ལས་ ཤེས་རིག་ལྷན་ཁག་གིས་ གཞི་བཙུགས་འབད་ཡོདཔ་ཨིན་མས།