གཟའ་ཉི་མ། ༢༠༡༩ ཟླ་༨ པའི་སྤྱི་ཚེས་༡༧

བརྒྱལ་ནད་སྨན་བཅོས་འབད་ནི་ནང་ གདོང་ལེན་འབྱུང་དོ་ཡོདཔ།

སྤྱི་ཟླ་༢ པའི་ཚེས་ ༡༤ ༢༠༡༩

༉ རྒྱལ་ཁབ་ནང་ བརྒྱལ་ནད་ཀྱི་ནད་གཞི་ཡོད་མི་ཚུ་ལུ་ མི་སྡེའི་ཁ་ཐུག་ལས་ རྣམ་རྟོག་དང་ཕྱོགས་རིས་ དེ་ལས་ ལོ་རྒྱུས་འདྲ་མིན་སྣ་ཚོགས་ཚུ་སླབ་དོ་ཡོདཔ་ལས་ ནད་གཞི་འདི་སྨན་བཅོས་འབད་ནི་ནང་ ལཱ་ཁག་བཏང་དོ་ཡོདཔ་སྦེ་ཨིན་མས།

འདི་བཟུམ་སྦེ་ ནདཔ་ཚུ་གིས་ མཉམ་འབྲེལ་ལེགས་ཤོམ་སྦེ་ འབད་མ་བཏུབ་མི་དང་ གོ་བ་བརྡ་སྤྲོད་ཚུ་ ལེགས་ཤོམ་སྦེ་ མ་འབད་མི་བརྟེན་ཏེ་ ནད་གཞི་འདི་སྨན་བཅོས་འབད་ནི་ནང་ གདོང་ལེན་འབྱུང་དོ་ཡོདཔ་སྦེ་ཨིན་མས།

སེམས་ཁམས་མཁས་མཆོག་ཚུ་གིས་སླབ་མི་ནང་ བརྒྱལ་ནད་འདི་ཡང་ ཀླདཔ་འདི་ ལེགས་ཤོམ་སྦེ་ལཱ་འབད་མ་བཏུབ་པའི་སྐབས་ ཐོབ་དོ་ཡོདཔ་སྦེ་ཨིནམ་ད་ འདི་གིས་ སྤྱིར་བཏང་ལུ་ གཟུགས་བསིག་ནི་དང་ ཁ་ལས་ལྦ་ག་འཐོན་ནི་ལ་སོགས་པའི་ ནད་རྟགས་ཚུ་འཐོནམ་ཨིན་མས།

རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ལས་ སེམས་ཁམས་མཁས་མཆོག་ ཌོག་ཊར་ བཙན་སྐྱོགས་ཀྱིས་སླབ་མི་ནང་ མི་ཚུ་གིས་ ལོ་རྒྱུས་འདྲ་མིན་སྣ་ཚོགས་སླབ་མི་དང་ མནོ་ལུགས་ཚུ་ལས་བརྟེན་ཏེ་ སྨན་བཅོས་ཚུ་ དུས་ཚོད་ཁར་འབད་ནི་ལས་ ཕྱིཔ་མས་ཟེར་བཤད་ཅི།

ད་རུང་ ཁོ་གིས་སླབ་མི་ནང་ མི་ཚུ་གིས་ བརྒྱལ་ནད་འདི་ འབུ་ནི་གི་ཉེན་ཁ་ཡོདཔ་སྦེ་སླབ་དོ་ཡོདཔ་ཨིན་རུང་ ནད་འདི་འཐོབ་མི་དང་གཅིག་ཁར་ འབྲེལ་བ་ག་དེ་སྦེ་འཐབ་རུང་ འབུ་ནི་གི་ཉིན་ཁ་ཚུ་ མེནམ་ལས་ ནད་གཞི་འདི་གི་སྐོར་ལས་ ལེགས་ཤོམ་སྦེ་ ཧ་གོ་དགོཔ་འདི་ གལ་ཆེ་ཟེར་ཨིན་མས།

འདི་འབདཝ་ལས་ བརྒྱལ་ནད་དང་ འདི་གི་སྨན་བཅོས་ཀྱི་སྐོར་ལས་ གོ་བ་བརྡ་སྤྲོད་སྤེལ་མ་ཚུགས་མི་ལུ་བརྟེན་ དགོས་མཁོ་བའི་སྨན་བཅོས་འབད་ནི་གི་དོན་ལུ་ ནདཔ་ཚུ་གིས་ མཉམ་འབྲེལ་ལེགས་ཤོམ་སྦེ་ འབད་མི་ཚུགས་དོ་ཡོདཔ་ཨིན་མས།

ནད་གཞི་འདི་ དྲག་ནི་གི་དོན་ལས་ ཉུང་ཤོས་རང་ ལོ་༣དེ་ཅིག་གི་རིང་ལུ་ སྨན་བཅོས་ཚུ་ འབད་དགོ་ནི་ཨིན་རུང་ མང་ཤོས་གིས་རང་ ཧ་མ་གོ་བར་ཡོདཔ་སྦེ་ཨིན་མས།

འཛམ་གླིང་ནང་ མི་༡༠༠གི་གྲལ་ལས་ ཉུང་ཤོས་རང་ མི་༡ལུ་ བརྒྱལ་ནད་འདི་ འོང་ནི་བཟུམ་ཡོདཔ་སྦེ་ ཚོད་རྩིས་བཏོན་ཏེ་ཡོད་མི་ལུ་གཞི་བཞག་སྟེ་ ཌོག་ཊར་ བཙན་སྐྱོགས་ཀྱིས་བཀོད་མི་ནང་ འབྲུག་ལུ་ ཉུང་ཤོས་རང་ མི་སྟོང་ཕྲག་༧དེ་ཅིག་ལུ་ བརྒྱལ་ནད་འོང་ནི་བཟུམ་ཅིག་ཡོདཔ་ཨིན་རུང་ ད་རེས་ སྨན་བཅོས་འབད་བར་འོང་མི་འདི་ མི་སྟོང་ཕྲག་༡ལྷགཔ་ཅིག་རྐྱངམ་གཅིག་ ཡོདཔ་སྦེ་ཨིན་མས།

རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ བརྒྱལ་ནད་མཐོ་ཤོས་རང་ སྤྱི་ལོ་༢༠༡༢ལུ་ ནདཔ་༡༤༥ཐོ་བཀོད་འབད་དེ་ཡོདཔ་ད་ སྤྱི་ལོ་༢༠༡༧ལུ་ བརྒྱལ་ནད་ཐོབ་མི་གི་ གནད་དོན་གསརཔ་༦༨ཐོ་བཀོད་འབད་དེ་འདུག

བརྒྱལ་ནད་འདི་ མང་ཤོས་ཅིག་རང་ ལོ་ན་གཞོནམ་ཚུ་ལུ་ ཐོབ་དོ་ཡོདཔ་ཨིན་རུང་ གནད་དོན་མང་ཤོས་ཅིག་ནང་རང་ ནད་གཞི་འདི་ ག་ཅི་ལས་བརྟེན་ཏེ་ཐོབ་དོ་ཡོདཔ་ཨིན་ན་ མི་ཤེས་དོ་ཡོདཔ་ཨིན་མས།

འདི་ལུ་ ཌོག་ཊར་ བཙན་སྐྱོགས་ཀྱིས་སླབ་མི་ནང་ ལོ་ན་གཞོནམ་ཚུ་ལུ་འབད་བ་ཅིན་ ནད་གཞི་འདི་ཡང་ སྐྱེ་བའི་སྐབས་ལུ་ སྟབས་མ་བདེཝ་འཐོན་མི་དང་ ཡང་ཅིན་ སྐྱེ་བའི་བསྒང་ལས་རང་ཡོད་པའི་ ནད་གཞི་ཅིག་ཨིནམ་འོང་ཟེར་བཤད་ཅི།

ལོ་ན་རྒས་ཤོས་ཚུ་ལུ་འབད་བ་ཅིན་ ནད་གཞི་འདི་ འབུ་ནད་དང་སེམས་ཀྱི་ནད་གཞི་ལས་བརྟེན་ཏེ་ ཐོབ་དོ་བཟུམ་ཅིག་ཡོདཔ་སྦེ་ཨིན་མས།

ཌོག་ཊར་ བཙན་སྐྱོགས་ཀྱིས་འབད་བ་ཅིན་ སྨན་བཅོས་འབད་བར་མ་འོང་མི་གི་གནད་དོན་འདི་ མར་ཕབ་འབད་ནི་དང་ མི་སྡེའི་ཁ་ཐུག་ལས་ ནད་གཞི་ཐོབ་མི་ཚུ་ལུ་ ངོས་ལེན་དང་རྒྱབ་སྐྱོར་འབད་ནི་གི་དོན་ལས་ བརྡ་བརྒྱུད་དང་མི་སྡེའི་བརྡ་བརྒྱུད་ དེ་ལས་ མི་དམངས་ལུ་ གོ་བ་བརྡ་སྤྲོད་དང་འགྲེམ་སྟོན་འབད་ནི་འདི་ འོས་འབབ་ཡོད་པའི་ ཐབས་ལམ་གཅིག་སྦེ་ མཐོང་སྟེ་ཡོད་ཟེར་ཨིན་མས།

འདི་བཟུམ་སྦེ་ འཛམ་གླིང་གསོ་བའི་ཚོགས་པ་གིས་ སྤྱི་ལོ་༢༠༡༢ལུ་ སྨན་བཅོས་འབད་བར་མ་འོང་མི་གི་གནད་དོན་འདི་ མར་ཕབ་འབད་ནི་གི་དོན་ལུ་ ལས་རིམ་ཚུ་ཡང་ འགོ་བཙུགས་ཏེ་འདུག

འདི་ཡང་ བརྒྱལ་ནད་ཡོད་མི་ཚུ་ལུ་ ནད་གཞི་བརྟག་དཔྱད་འབད་ནི་དང་ སྨན་བཅོས་འབད་ནི་གི་དོན་ལུ་ གསོ་བའི་ཞབས་ཏོག་བྱིན་མི་ཚུ་གི་རིག་རྩལ་ཚུ་ ཡར་དྲགས་བཏང་ཐབས་ལུ་དམིགས་ཏེ་ཨིན་མས།