གཟའ་ཕུར་བུ། ༢༠༡༩ ཟླ་༢ པའི་སྤྱི་ཚེས་༢༠

བུམོ་ཚུ་གིས་ལྷ་བྲིས་ལྷབ་ནི་ནང་ དང་འདོད་མི་བསྐྱེད་དོ་ཡོདཔ།

སྤྱི་ཟླ་༢ པའི་ཚེས་ ༡༤ ༢༠༡༩

༉ ཐིམ་ཕུག་ལུ་ཡོད་པའི་ རྒྱལ་ཡོངས་བཟོ་རིག་༡༣སྤེལ་ཁང་ནང་ལུ་ཡང་ བུམོ་ཚུ་གིས་ རང་ལུགས་ཀྱི་ལྷ་བྲིས་ལྷབ་ནི་ནང་ འཛུལ་མི་གི་གྱངས་ཁ་འདི་ ཉུང་སུ་ཅིག་ལས་བརྒལ་ཏེ་ མི་འོང་དོ་ཡོདཔ་སྦེ་ གསལ་སྟོན་འབྱུང་ནུག

འདི་ཡང་ ཨམ་སྲུ་ཚུ་ ཟླ་ཁྲག་འོང་མི་ལས་བརྟེན་ཏེ་ སྤྱིར་བཏང་ལུ་ གཙང་ཏོག་ཏོ་ཅིག་མེནམ་སྦེ་ ཡིད་ཆེས་བསྐྱེད་མི་ལུ་བརྟེན་ཏེ་ ལྷ་བྲིས་ལྷབ་ནི་ནང་ དང་འདོད་མེདཔ་སྦེ་མཐོང་ནུག

རྒྱལ་ཡོངས་བཟོ་རིག་༡༣སྤེལ་ཁང་ནང་ལུ་ ད་རེས་ སློབ་སྦྱོང་པ་༡༨༠མ་ལངམ་ཅིག་ཡོད་ས་ལས་ མི་༧༨ཀྱིས་ ལྷ་བྲིས་དང་ཚོན་བཏང་ནི་ཚུ་ལྷབ་དོ་ཡོདཔ་ད་ འདི་གི་གྲལ་ལས་ ཨམ་སྲུ་༣རྐྱངམ་ཅིག་ཡོདཔ་ཨིན་མས།

འདི་ལུ་ ཁོང་ཆ་ཁྱབ་ཀྱིས་སླབ་མི་ནང་ ལྷ་བྲིས་དང་ལྡེབས་རིས་བཞེངས་ནི་འདི་ མང་ཤོས་ཅིག་རང་ ཆོས་དང་མཐུན་པའི་ལཱ་གཅིག་འབདཝ་ལས་ གཡང་ཟ་མི་ལུ་བརྟེན་ཏེ་ ཨིནམ་སྦེ་བཤད་ཅི།

ད་རུང་ ཁོང་ཆ་ཁྱབ་ཀྱིས་བཀོད་མི་ནང་ ཟླ་ཁྲག་འོང་མི་ལས་བརྟེན་ཏེ་ ལྡེབས་རིས་དང་སྐུ་ཐང་ཚུ་ལུ་ བཙོག་གྲིབ་ཞུགས་འོང་ཟེར་ མནོ་དོ་ཡོདཔ་སྦེ་ཨིན་མས།

ལྷ་བྲིས་འདི་ བཟོ་རིག་༡༣ག་རའི་དོན་ལུ་ གཞི་རྟེན་གཅིག་འབདཝ་ལས་ ད་རེས་ ལྷ་བྲིས་ཀྱི་ཁྱད་རིག་ལས་བརྟེན་ འོང་འབབ་ལེགས་ཤོམ་སྦེ་ བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ཨམ་སྲུ་ཚུ་གིས་སླབ་མི་ནང་ འདི་བཟུམ་གྱི་ གཡང་ཟ་བག་ཟ་བསྐྱེད་མི་ལུ་བརྟེན་ཏེ་ ད་རེས་ ཁོང་མང་ཤོས་ཅིག་གིས་རང་ འཚེམ་དྲུབ་འཐུ་ནི་དང་ ཐགས་འཐག་ནི་ དེ་ལས་ ཚེམ་རྐྱབ་ནི་ཚུ་ ལྷབ་དོ་ཡོདཔ་སྦེ་བཤད་ཅི།

འདི་བཟུམ་སྦེ་ ཁོང་ལ་ལུ་ཅིག་གིས་བཀོད་མི་ནང་ ལྷ་བྲིས་དང་ཚོན་བཏང་ནི་གི་ལཱ་འདི་ ལཱ་ཁག་ཡོད་པའི་ཁར་ ཧེ་མའི་ཡིད་ཆེས་དང་ མནོ་ལུགས་ཚུ་ལུ་བརྟེན་ཏེ་ཡང་ དོགས་པ་དང་གཡང་ཟ་དགོཔ་ འཐོན་དོ་ཡོདཔ་ལས་ འདི་བཟུམ་གྱི་ ཁྱད་པར་ལུ་མ་བལྟ་བར་ ཨམ་སྲུ་ཚུ་གིས་ གདོང་ཁར་འཐོན་ཞིན་ན་ ལཱ་འབད་དགོཔ་འདུག་ཟེར་ཨིན་མས།

ད་རུང་ སྦྱོར་བརྡར་འབད་མི་ རེམ་གཉིགསམ་གིས་སླབ་མི་ནང་ ཨམ་སྲུ་ཚུ་གིས་ ཟླ་ཁྲག་འོང་པའི་སྐབས་ལུ་ ངལ་གསོ་སྦེ་སྡོད་ཞིན་ན་ ཟླ་ཕྲག་ཆད་པའི་སྐབས་ལུ་ ལཱ་འཕྲོ་མཐུད་དེ་འབད་བ་ཅིན་ མ་བཏུབ་ཅིག་མེད་རུང་ ཚོན་བཏང་ནི་གི་ལཱ་འདི་ ཁེ་ཀོ་བརྟེན་ཏེ་འབད་དགོཔ་འབདཝ་ལས་ ཨམ་སྲུ་ཚུ་གིས་ སྤྲོ་བ་མི་བསྐྱེད་པས་ཟེར་བཤད་ཅི།

འདི་ལུ་ ཐིམ་ཕུག་ལུ་ཡོད་པའི་ རྟ་མགོ་རྡོར་གདན་བཀྲ་ཤིས་ཐང་ནང་པའི་གཙུག་སློབ་གྲྭའི་ དབུ་འཛིན་ མཁན་པོ་ཀུན་བཟང་འཕྲིན་ལས་ཀྱིས་སླབ་མི་ནང་ ཆོས་སྐྱོང་སྲུང་མ་ཚུ་གི་ཐང་ཀ་དང་ ལྡེབས་རིས་ཚུ་རྐྱངམ་གཅིག་མ་གཏོགས་ གཞན་མི་ སྐུ་འདྲ་དང་ལྡེབས་རིས་ཚུ་ལུ་ ཨམ་སྲུ་ཚུ་ ཟླ་ཕྲག་འོང་རུང་ ཚོན་བཏང་བཏུབ་ཟེར་ཨིན་མས།

ད་རེས་ ཨམ་སྲུ་ཚུ་ དགོན་ཁང་ནང་ལུ་ འཛུལ་མ་ཆོག་མི་འདི་ཡང་ ཟླ་ཕྲག་འོང་མི་ལས་བརྟེན་ཏེ་ཨིནམ་ད་ འདི་གི་དོན་ལས་ ཐབས་ཤེས་གཞན་ཡང་ཡོདཔ་སྦེ་བཤད་ཅི།

རྒྱལ་ཡོངས་བཟོ་རིག་བཅུ་གསུམ་སྤེལ་ཁང་གྱི་ སློབ་སྟོན་པ་ ཚེ་དབང་བསྟན་འཛིན་གྱིས་བཀོད་མི་ནང་ ཕྱི་རྒྱལ་ཁབ་ཀྱི་མི་ཚུ་གིས་ ཨམ་སྲུ་ཚུ་གིས་ ཚོན་བཏང་མི་ཚུ་ མཁོ་འདོད་བསྐྱེད་དོ་ཡོད་རུང་ རྒྱལ་ཁབ་ནང་ལུ་ ཨམ་སྲུ་ལྷ་བྲིས་ལྷབ་མི་ཚུ་ ཉུང་སུ་ཅིག་ལས་བརྒལ་མེདཔ་ལས་ འདི་ཚུ་ གྲུབ་ཚུགས་པར་ ལཱ་ཁག་བཏང་མས་ཟེར་བཤད་ཅི།

འདི་འབདཝ་ལས་ ཁོང་ཆ་ཁྱབ་ཀྱིས་ མ་འོངས་པའི་ནང་ལུ་ བུམོ་ཚུ་གིས་ ལྷ་བྲིས་ལྷབ་མི་ མང་སུ་སྦེ་འཐོན་ནི་གི་དོན་ལས་ སེམས་ཤུགས་འབྱིན་དོ་ཡོདཔ་སྦེ་ཨིན་མས།