གཟའ་ཉི་མ། ༢༠༡༩ ཟླ་༨ པའི་སྤྱི་ཚེས་༡༧

ཧེ་འཇོ་ལུ་ བཙོག་ཆུ་ལེགས་བཅོས་འབད་ནི་གི་ འཕྲུལ་རིག་རྐྱབ་ཡོདཔ།

སྤྱི་ཟླ་༢ པའི་ཚེས་ ༡༤ ༢༠༡༩

༉ ཐིམ་ཕུག་ལུ་ འགོ་དང་པ་ རྒྱལ་ཁབ་ནང་ལུ་ གནམ་གཤིས་དང་མཐུན་འགྱུར་ཡོད་པའི་ བཙོག་ཆུ་ལེགས་བཅོས་འབད་ནི་གི་འཕྲུལ་རིག་འདི་ བཟོ་ཚར་བའི་ཤུལ་ལུ་ ལག་ལེན་འཐབ་ནི་ཡང་ འགོ་བཙུགས་ཏེ་སྦེ་འདུག

བཙོག་ཆུ་ལེགས་བཅོས་འབད་ནི་གི་ འཕྲུལ་རིག་འདི་གིས་ མཐའ་འཁོར་དང་ མི་གི་གཟུགས་ཁམས་འཕྲོད་བསྟན་གཉིས་ཆ་རང་ལུ་ གནོད་ནི་གི་ ཉེན་ཁ་ཡོད་པའི་ བཙོག་ཆུ་ནང་ལས་འཐོན་པའི་ རྒྱུ་རྫས་ཀྱི་རིགས་ཚུ་ མེདཔ་སྦེ་བཟོ་ནི་ཨིན་མས།

ད་རིས་ འགོ་འབྱེད་འབད་ཡོད་པའི་ འཕྲུལ་རིགས་འདི་གིས་ ས་གནས་ནང་འཁོད་ཀྱི་ ཁྱིམ་གུང་པ་༨༠་ལྷགཔ་ཅིག་ལུ་ ཕན་ཐོགས་འབྱུང་ཚུགས་པའི་ རེ་བ་འདུག

བཙོག་ཆུ་ལེགས་བཅོས་འབད་ནི་གི་འཕྲུལ་རིག་འདི་ནང་ལུ་ རག་རོ་ཆགས་སའི་ བསགས་མཛོད་༣་དང་ ཆུ་དང་བཙོག་ཆུ་ཚུ་ བླ་བསྲེ་རྐྱབ་སའི་ བསགས་མཛོད་༣་ རིམ་པ་བཞིན་དུ་སྦེ་ མཐུད་དེ་འདུག

བསགས་མཛོད་ག་རང་ ས་འོག་ལུ་སྦེ་ རྐྱབ་སྟེ་ཡོདཔ་ལས་ ཧེ་འཇོ་ལུ་སྡོད་མི་ ཁྱིམ་གུང་པ་ཕྱེད་དེ་ཅིག་གིས་ཁྱིམ་ནང་ལས་འཐོན་མི་བཙོག་ཆུ་ཚུ་ ལེགས་བཅོས་འབད་སའི་ ས་གོ་ནང་ལྷོདཔ་པའི་ཤུལ་ལུ་ གཙང་ཆུ་ནང་ལུ་མ་བཏང་པའི་ ཧེ་མ་ རིམ་པ་བཞིན་དུ་ ལེགས་བཅོས་འབད་ནི་ཨིན་མས།

འཕྲུལ་རིགས་འདི་ཡང་ ས་གནས་ནང་འཁོད་ལས་འཐོན་པའི་ ཅ་ཆས་ཚུ་དང་ ལག་ཆས་འཇམ་ཏོང་ཏོ་ཚུ་ ལག་ལེན་འཐབ་ཞིན་ན་ རྐྱབ་ཡོདཔ་ཨིན་མས།

ཞབས་ཏོག་ལས་ཁུང་ནང་ལས་ བཟོ་རིག་འགོ་དཔོན་ ཨྱོན་དབང་ཕྱུག་གིས་སླབ་མི་ནང་ འཕྲུལ་རིགས་འདི་གིས་ ས་གོ་འདི་ནང་ལས་ འཐོན་མི་གི་བཙོག་གྲིབ་དཔེ་འབད་བ་ཅིན་ དྲིམ་ཁམས་ལོག་སི་སི་ཚུ་ མནམ་མ་བཅུག་པར་ བཞག་ཚུགས་ཟེར་བཤད་ཅི།

བཙོག་ཆུའི་འཕྲུལ་རིག་འདི་ཡང་ ཁྱིམ་གུང་པ་དེ་ཚུ་གི་ནང་ལུ་ ད་རེས་ཚུན་ཚོད་ ལག་ལེན་འཐབ་སྟེ་ཡོད་པའི་ཆབ་གསང་བསགས་མཛོད་ཀྱི་ ཚབ་སྦེ་རྐྱབ་ཡོདཔ་ཨིན་མས།

བཙོག་ཆུ་ལེགས་བཅོས་འབད་ནི་གི་འཕྲུལ་རིག་འདི་ཡང་ ཇ་པཱན་རྒྱལ་སྤྱི་མཉམ་འབྲེལ་ལས་སྡེ་གིས་ མ་དངུལ་རྒྱབ་སྐྱོད་འབད་དེ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༦༠་ལྷག་ཅིག་བཏང་ཞིན་ན་ རྐྱབ་ཡོདཔ་ཨིན་མས།

འཕྲུལ་རིག་བཟོ་སྐྲུན་གྱི་ལཱ་ཚུ་ཡང་ མྷོ་ཁཎ་ཇཱོ་ཀ་ལས་སྡེ་གིས་ སྤྱི་ལོ་༢༠༡༧་ལས་ འགོ་བཙུགས་འབད་ཡོདཔ་ད་ འདས་པའི་ཟླ་ནང་ རྐྱབ་ཚར་ཡོདཔ་ཨིན་མས།