གཟའ་ཉི་མ། ༢༠༡༩ ཟླ་༨ པའི་སྤྱི་ཚེས་༡༧

གཞལ་སྒང་ལུ་ གནམ་དགུན་གྱི་ ཚོད་བསྲེ་ཚུ་ བཙོང་མི་ཚུགས་དོ་ཡོདཔ།

སྤྱི་ཟླ་༢ པའི་ཚེས་ ༡༤ ༢༠༡༩

༉ རྒྱལ་ཁབ་ཀྱི་ ས་གནས་ལ་ལུ་ཅིག་གི་ནང་ལས་ཕར་ ད་ལྟོའི་བར་ན་ཡང་ གནམ་དགུན་གྱི་ ཚོད་བསྲེ་ཚུ་ བཙོང་མ་ཚུགས་པའི་ གདོང་ལེན་འབྱུང་དོ་ཡོདཔ་ཨིན་མས།

འདི་བཟུམ་སྦེ་ གཞལ་སྒང་རྫོང་ཁག་ སྒོ་ཤིང་རྒེད་འོག་ ལམ་ཐང་གཡུས་ཚན་ནང་ལུ་ཡང་ མི་སེར་སོ་ནམ་པ་ཚུ་གིས་ སྤྱི་ལོ་༢༠༡༥་ལས་ཚུར་ གནམ་བྱཱར་དགུན་མེད་པའི་ ཚོད་བསྲེ་ཚུ་བཙུགས་ཏེ་ཡོདཔ་མ་ཚད་ ཁོང་ཆ་ཁྱབ་ཀྱིས་ ས་གནས་ཀྱི་དབང་འཛིན་ཚུ་དང་གཅིག་ཁར་ཡང་ ཚོད་བསྲེ་གི་ཐོན་སྐྱེད་ཚུ་ ཡར་སེང་འབད་ནི་སྦེ་ གན་རྒྱ་གུ་ལུ་ མཚད་རྟགས་བཀོད་དེ་འདུག

ཨིན་རུང་ འདི་གིས་ ད་ལྟའི་བར་ན་ཡང་ ཚོད་བསྲེ་བཙོང་མ་ཚུགས་པའི་ གདོང་ལེན་འབྱུང་མི་འདི་ དུམ་གྲ་ཅིག་ལས་བརྒལ་ཏེ་ སེལ་མ་ཚུགས་པར་ཡོདཔ་ཨིན་མས།

མི་སེར་སོ་ནམ་པ་ཚུ་གིས་བཀོད་མི་ནང་ ཐོན་སྐྱེད་ཚུ་ ལེགས་ཤོམ་ཡོད་ས་ཅིག་རུང་ ཚོང་འབྲེལ་འཐབ་སའི་ ས་གོ་ཚུ་ ལེགས་ཤོམ་མེད་མི་ལུ་བརྟེན་ཏེ་ ཨིནམ་སྦེ་བཤད་ཅི།

ས་གནས་འདི་ནང་གི་ མི་སེར་སོ་ནམ་པ་ཚུ་གིས་ ན་ཧིང་ རྫོང་ཁག་སོ་ནམ་འགོ་དཔོན་ཚུ་གིས་ རྒྱབ་སྐྱོར་འབད་དེ་ འདབ་མ་ཀོ་པི་ ཀེ་ཇི་སྟོང་ཕྲག་༥་ལྷགཔ་ཅིག་ བཙོང་ཡོདཔ་ཨིན་རུང་ ད་རེས་ གཞུང་གི་ཁ་ཐུག་ལས་ རྒྱབ་སྐྱོར་འབད་ནི་གི་ རྟགས་མཚན་ཅིག་རང་ མིན་འདུག་ཟེར་ཨིན་མས།

མི་སེར་སོ་ནམ་པ་སྡེ་ཚན་དག་པ་ཅིག་གིས་ ཚོད་བསྲེ་བཙོང་མ་ཚུགས་པའི་ དཀའ་ངལ་འཐོན་མི་དང་ རང་མགོ་རང་འདྲོང་འགྲུབ་ནི་གི་ ཐབས་ལམ་བཏོན་མི་གི་ཐད་ཁར་ གཞི་རྩ་བརྟན་ཏོག་ཏོ་ཅིག་མེད་མི་ལུ་བརྟེན་ཏེ་ ད་རེས་ གནམ་དགུན་གྱི་ ཚོད་བསྲེ་བཙུགས་ནི་གི་ལཱ་ཚུ་ཡང་ འབདཝ་བཤལ་ནུག

ལམ་ཐང་གཡུས་ཚན་ནང་ལུ་ ཟས་བཅུད་ཡར་སེང་འབད་ནི་དང་ བཟའ་ཚང་ནང་ལུ་ འོང་འབབ་བཟོ་ནི་གི་དོན་ལས་ འདབ་མ་ཀོ་པི་དང་ མེ་ཏོག་ཧོན་ཚོད་ དེ་ལས་ ལ་ཕུག་དང་ མེ་ཏོག་ཀོ་པི་ཚུ་ སྐྱེ་ནི་གི་འོས་འབབ་ཚུ་ སྦོམ་སྦེ་རང་ ཡོདཔ་སྦེ་ཨིན་མས།

 

རྫོང་ཁག་སོ་ནམ་འགོ་དཔོན་ཚུ་གིས་བཀོད་མི་ནང་ ཚོད་བསྲེ་ཚུ་ བཙོང་མ་ཚུགས་པའི་ གནད་དོན་གུ་ལུ་ ཧེ་མ་ཚར་གཅིག་ འབྲེལ་ཡོད་ལས་སྡེ་དག་པ་ཅིག་དང་གཅིག་ཁར་ཡང་ ཐབས་ལམ་གྱི་ གྲོས་བསྡུར་ཚུ་འབད་ཡོདཔ་སྦེ་བཤད་ཅི།

དེ་བསྒང་ ཁོང་ཆ་ཁྱབ་ཀྱིས་སླབ་མི་ནང་ དཀའ་ངལ་འདི་ཡང་ ཚོད་བསྲེ་གི་གོང་ཚད་ཚུ་ མཐོ་དྲགས་སྦེ་ སླབ་མི་ལུ་བརྟེན་ཏེ་ འཐོན་དོ་ཡོདཔ་སྦེ་ཨིན་མས།

ཨིན་རུང་ མི་སེར་སོ་ནམ་པ་ཚུ་གིས་ ད་ལྟོའི་བར་ན་ཡང་ ཁོང་རའི་ ཚོད་བསྲེ་ཚུ་ བཙོང་ཚུགས་པའི་ དུས་ཅིག་ཤར་འོང་མནོ་བའི་ རེ་བ་བསྐྱེད་དེ་རང་ ཡོད་ཨིན་མས།