གཟའ་ཉི་མ། ༢༠༡༩ ཟླ་༨ པའི་སྤྱི་ཚེས་༡༧

རྒྱལ་ཁབ་ནང་ལུ་ སྣུམ་འཁོར་ཐུག་རྐྱེན་འབད་མི་གི་ གྱངས་ཁ་ཡར་སེང་།

སྤྱི་ཟླ་༢ པའི་ཚེས་ ༡༤ ༢༠༡༩

༉ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱིས་ ཐོ་བཀོད་འབད་དེ་ཡོད་མི་དང་འཁྲིལཔ་ད་ རྒྱལ་ཁབ་ཀྱི་ས་གནས་ཁག་ཚུ་ནང་ལས་ཕར་ སྣུམ་འཁོར་ཐུག་རྐྱེན་འབྱུང་མི་གི་གྱངས་ཁ་འདི་ སྤྱི་ལོ་༢༠༡༧་དང་འཕྱདཔ་ད་ ན་ཧིང་ ཡར་སེང་འགྱོ་སྟེ་ཡོདཔ་སྦེ་ཨིན་མས།

འདི་ཡང་ སྤྱི་ལོ་༢༠༡༧་ལུ་ སྣུམ་འཁོར་༥༠༠་མ་ལངམ་ཅིག་ལུ་ ཐུག་རྐྱེན་འབྱུང་མི་འདི་ ན་ཧིང་ སྣུམ་འཁོར་ཐུག་རྐྱེན་ཁག་༡༣༦༠་དེ་ཅིག་ལུ་ ཡར་སེང་འགྱོ་ཡོདཔ་སྦེ་ཨིན་མས།

འདི་བཟུམ་སྦེ་ སྤྱི་ལོ་༢༠༡༧ལུ་ སྣུམ་འཁོར་ཐུག་རྐྱེན་ལས་བརྟེན་ཏེ་ མི་༡༠༠ལྷགཔ་ཤི་ཡོདཔ་ད་ ན་ཧིང་ མི་༡༣༠ལྷགཔ་ཅིག་ལུ་ ཤི་རྐྱེན་འབྱུང་ཡོདཔ་སྦེ་ཨིན་མས།

ད་རུང་ སྣུམ་འཁོར་ཐུག་རྐྱེན་ལས་བརྟེན་ཏེ་ སྤྱི་ལོ་༢༠༡༨ལུ་ མི་༨༠༠་མ་ལངམ་ཅིག་ལུ་ རྨ་སྐྱོན་འབྱུང་ཡོདཔ་ད་ སྤྱི་ལོ་༢༠༡༧ལུ་འབད་བ་ཅིན་ མི་༤༥༠ལྷགཔ་ཅིག་ལུ་ མ་སྐྱོན་འབྱུང་སྟེ་ཡོདཔ་སྦེ་ཨིན་མས།

ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་ནང་ལས་ ལས་རིམ་འགོ་དཔོན་ བསོད་ནམས་དོན་གྲུབ་ཀྱིས་བཀོད་མི་ནང་ སྣུམ་འཁོར་ཐུག་རྐྱེན་ཚུ་ཡང་ གཙོ་བོ་རང་ འཁོར་ལམ་གྱི་གནས་སྟངས་དང་ གནམ་གཤིས་གནས་སྟངས་ཚུ་ ལེགས་ཤོམ་མེད་མི་དང་ དེ་ལས་ ཆང་འཐུང་སྟེ་སྣུམ་འཁོར་གཏང་མི་དང་ ཆོག་ཐམ་མེད་པར་ སྣུམ་འཁོར་གཏང་མི་ དེ་ལས་ མ་འཁོར་ཤུགས་ཚད་ལས་བརྒལ་ཏེ་ བཏང་མི་ལས་བརྟེན་ཏེ་ འབྱུང་ཡོདཔ་སྦེ་བཤད་ཅི།

ད་རུང་ ཁོ་གིས་སླབ་མི་ནང་ རྒྱལ་ཁབ་ནང་ལུ་ སྣུམ་འཁོར་ནང་འདྲེན་འབད་མི་གི་གྱངས་ཁ་ཚུ་ ཡར་སེང་འགྱོ་མི་ལུ་བརྟེན་ཏེ་ཡང་ སྣུམ་འཁོར་ཐུག་རྐྱེན་འབྱུང་མི་གི་གྱངས་ཁ་འདི་ ཡར་སེང་འགྱོ་དོ་ཡོདཔ་སྦེ་ཨིན་མས།

འདི་འབདཝ་ལས་ དབང་འཛིན་གྱིས་ སྣུམ་འཁོར་ཐུག་རྐྱེན་འབྱུང་མི་གི་གྱངས་ཁ་ཚུ་ མར་ཕབ་འབད་ནི་གི་དོན་ལུ་ གཞུང་ལམ་ཚུ་བདའ་སྟེ་ ཞིབ་དཔྱད་འབད་ནི་གི་གནད་དོན་འདི་ ཡར་སེང་བཏང་ནི་གི་ འཆར་གཞི་འདུག

རྒྱལ་ཁབ་ནང་ལུ་ ད་རེས་ སྤྱིར་སྙོམས་ལུ་ ཟླཝ་རེ་ནང་ སྣུམ་འཁོར་༧༠༠མ་མངམ་ཅིག་ ནང་འདྲེན་འབད་དོ་ཡོདཔ་ད་ ན་ཧིང་ སྤྱི་ཟླ་༡༢པ་ཚུན་ཚོད་ལུ་ སྣུམ་འཁོར་འབུམ་ཕྱེད་ད་༢ལྷགཔ་ཅིག་ཡོདཔ་སྦེ་ ཐོ་བཀོད་འབད་དེ་ཡོདཔ་ཨིན་མས།