གཟའ་ཕུར་བུ། ༢༠༡༩ ཟླ་༢ པའི་སྤྱི་ཚེས་༢༠

ལམ་གྱི་གནས་སྟངས་ལུ་བལྟ་སྟེ་ རྒྱུན་འགྲུལ་འཐབ་མི་ཚུ་ དབུགས་འགམས་ཏེ་ཡོདཔ།

སྤྱི་ཟླ་༢ པའི་ཚེས་ ༡༤ ༢༠༡༩

༉ བཀྲ་ཤིས་གཡང་རྩེ་རྫོང་ཁག་ ལྕགས་ཟམ་དང་རྡོ་གསུམ་གྱི་བར་ན་ འཁོར་ལམ་ལག་ལེན་འཐབ་མི་ཚུ་ དབུགས་འགམས་ཏེ་རང་འབད་རུང་ འཕྲོ་མཐུད་དེ་རང་ ལམ་ཧག་ཀ་ཧོག་ཀ་བདའ་སྟེ་རང་ རྒྱུན་འགྲུལ་འཐབ་དགོ་ནི་ཨིན་མས།

འདི་ཡང་ འཁོར་ལམ་བདའ་སྟེ་ རྩི་ནག་བཏང་ནི་གི་ལཱ་ཚུ་ གོ་རིམ་སྦེ་ འབད་བའི་བསྒང་ཡོད་མི་འདི་ དུས་ཚོད་ལེ་ཤ་རང་ འགོར་ནི་བཟུམ་ཅིག་ ཡོད་མི་ལུ་བརྟེན་ཏེ་ཨིན་མས།

ལྕགས་ཟམ་དང་རྡོ་གསུམ་གྱི་བར་ན་ སྤྱི་ལོ་༢༠༡༧ལུ་ ལམ་རྒྱ་སྐྱེད་འབད་ཚར་བའི་ཤུལ་ལུ་ ད་རེས་ འཁོར་ལམ་ཀི་ལོ་མི་ཊར་༡༥འབད་ས་ལས་ ཀི་ལོ་མི་ཊར་༥རྐྱངམ་ཅིག་ རྩི་ནག་བཏང་སྟེ་ ཡོདཔ་ཨིན་མས།

ལམ་འདི་ཁ་ལས་ རྒྱུན་འགྲུལ་འཐབ་མི་ཚུ་གིས་སླབ་མི་ནང་ འཁོར་ལམ་གྱི་གནས་སྟངས་ཚུ་ ལེགས་ཤོམ་མེད་མི་ལུ་བརྟེན་ཏེ་ ཁོང་ཆ་ཁྱབ་ཀྱིས་ སྣུམ་འཁོར་ཚུ་ འཇམ་ཏོང་ཏོ་སྦེ་ མེདཔ་ཐལ་དོ་ཡོདཔ་སྦེ་བཤད་ཅི།

འདི་གིས་ སྣུམ་འཁོར་ཚུ་ བཅོ་ཁ་རྐྱབ་ནི་གི་དོན་ལས་ ཟད་འགྲོ་ལེ་ཤ་གནས་དོ་ཡོདཔ་རུང་ ཐབས་རང་མེད་པར་ ལམ་འདི་ཁ་ལས་རང་ འགྱོ་དགོཔ་འཐོན་མས་ཟེར་ཨིན་མས།

འདི་ལུ་ ལམ་སེལ་ལས་ཁུངས་ནང་ལས་ འགོ་དཔོན་ཚུ་གིས་སླབ་མི་ནང་ རྩིས་ལོ་༢༠༡༩དང་༢༠༢༠ནང་ལུ་ ད་རུང་ འཁོར་ལམ་ཀི་ལོ་མི་ཊར་༥དེ་ཅིག་ རྩི་ནག་བཏང་ནི་གི་དོན་ལུ་ མ་དངུལ་གྱི་ གྲོས་འཆར་བཙུགས་ཏེ་ཡོདཔ་སྦེ་བཤད་ཅི།

འདི་འབདཝ་ལས་ ག་དེ་ཅིག་སྦེ་ ལཱ་གི་གོ་རིམ་དང་འཁྲིལ་ཏེ་ མ་དངུལ་གྱི་ གྲོས་འཆར་བཙུགས་མི་གི་ཐད་ཁར་ འཇོག་གྲུབ་པ་ཅིན་ ཤུལ་མའི་ལོ་༢ཀྱི་ནང་འཁོད་ལུ་ ལམ་ག་ར་ རྩི་ནག་བཏང་ཚར་ནི་གི་ རེ་བ་འདུག

ལྕགས་ཟམ་དང་རྡོ་གསུམ་གྱི་བར་ན་ འཁོར་ལམ་རྒྱ་སྐྱེད་བཏང་ནི་གི་ལཱ་འདི་ཡང་ བཀྲ་ཤིས་གཡང་རྩེ་རྫོང་ཁག་གི་ གཞུང་ལམ་རྒྱ་སྐྱེད་བཏང་ནིའི་ལས་འགུལ་གྱི་ ཆ་ཤས་ཅིག་ཨིན་མས།