གཟའ་ཉི་མ། ༢༠༡༩ ཟླ་༨ པའི་སྤྱི་ཚེས་༡༧

གྲོང་གསེབ་ནང་ལུ་ རྒྱང་བསྒྲགས་ཀྱི་ལས་རིམ་ཚུ་ བལྟ་ཚུགས་ཏེ་ཡོདཔ།

སྤྱི་ཟླ་༢ པའི་ཚེས་ ༡༢ ༢༠༡༩

༉ རྒྱལ་ཁབ་ནང་ལུ་ ལྷོ་ཨེ་ཤི་ཡ་འཕྲུལ་སྐར་དེ་ འདས་པའི་ཟླཝ་གཅིག་གི་ ཧེ་མ་ མཐུད་དེ་ཡོད་མི་དང་འབྲེལ་ ད་རེས་ མཐའ་ཟུར་གྱི་ས་གནས་ཚུ་ནང་ལས་ཕར་ཡང་ འབྲུག་རྒྱང་བསྒྲགས་ཀྱི་ ལས་རིམ་ཚུ་ གཞན་མི་ཚུ་བཟུམ་སྦེ་རང་ བལྟ་ཚུགས་དོ་ཡོདཔ་ཨིན་མས།

རྒྱུན་ལམ་འཐོབ་ནི་དོན་ལུ་ མི་སེར་ཚུ་གིས་རང་ས་འབད་དགོཔ་ཟེར་རུང་ འཕྲུལ་སྐར་གྱི་ ཌིགྴ་དང་ རྒྱུན་ལམ་དང་མཐུད་མི་ ཅ་ཆས་རྐྱངམ་ཅིག་ མཁོ་བསྒྲུབ་འབད་དགོ་དོ་ཡོདཔ་ཨིན་མས། རྒྱུན་ལམ་དང་མཐུད་འབྲེལ་འབད་མི་ ཅ་ཆས་ཚུ་ བཙུགས་ནིའི་ལཱ་ཚུ་ཡང་ ཕུན་ཚོགས་གླིང་ལས་ ཇཱག་དེཤི་བིཤྦ་ཀརྨ་གིས་སྦེ་ འབད་དོ་ཡོདཔ་ཨིན་མས། ཁོ་གིས་ གཞལམ་སྒང་དང་ རྩི་རང་རྫོང་ཁག་ནང་ལུ་ རྒྱུན་ལམ་དང་མཐུད་འབྲེལ་འབད་མི་ ཅ་ཆས་ ༡༠༠ ལྷགཔ་ཅིག་བཙུགས་ཏེ་ཡོདཔ་ལས་ ད་རེས་ ས་གནས་དེ་ཁའི་མི་སེར་ཚུ་ མཐུན་རྐྱེན་དེ་ལུ་བལྟ་སྟེ་ ངལ་རངས་ཡིད་ཆེས་བྱུང་སྟེ་སྦེ་འདུག

ཇཱག་དེཤི་བིཤྦ་ཀརྨ་གིས་སླབ་མི་ནང་ ལྷོ་ཨེ་ཤི་ཡ་འཕྲུལ་སྐར་ཚུ་ བརྟག་དཔྱད་འབད་བའི་སྐབས་ལས་རང་ ཁོ་གིས་ རྒྱུན་ལམ་དང་མཐུད་འབྲེལ་འབད་མི་ ཅ་ཆས་ཚུ་ བཙུགས་ནི་གི་ལཱ་ཚུ་འབད་ནི་གི་ གྲ་སྒྲིག་འབད་ཡོདཔ་སྦེ་ཨིན་མས། ད་རུང་ ཁོ་གིས་སླབ་མི་ནང་ ཁོ་ལུ་ འདི་བཟུམ་གྱི་ལཱ་འབད་ནི་གི་ ཉམས་མྱོང་ཚུ་ཡང་ ཁོ་ར་ ཧེ་མ་ ཐག་བརྒྱུད་འཕྲུལ་རིག་པ་སྦེ་ ལཱ་འབད་བའི་སྐབས་ལུ་ ཐོབ་ཡོདཔ་སྦེ་བཤད་ཅི། འདི་གི་ཤུལ་ལས་ རྒྱལ་ཁབ་ནང་འཁོད་ཀྱི་ གྲོང་གསེབ་ཀྱི་ས་གནས་ཚུ་ནང་ཕར་ རྒྱུན་ལམ་དང་མཐུད་འབྲེལ་འབད་ནི་སྦེ་ ཐག་བཅད་ཡོདཔ་སྦེ་ཨིན་མས།

འདི་ལུ་ ས་གནས་དེ་ཁར་སྡོད་མི་ཚུ་གིས་སླབ་མི་ནང་ ད་རེས་ ཅ་ཆས་དེ་ཉོ་བའི་སྐབས་ འགྲོ་སོང་དུམ་གྲ་རེ་ བཏང་དགོཔ་ཐོན་དོ་ཡོདཔ་ཨིན་རུང་ དེ་ལས་བརྟེན་པའི་ ཁེ་ཕན་ཚུ་སྦོམ་སྦེ་རང་ འདུག་ཟེར་སླབ་ཨིན་མས། ད་ལྟོ་ཚུན་ཚོད་ མཐའ་ཟུར་གྱི་ས་གནས་མང་ཤོས་ཅིག་ནང་རང་ རྒྱང་མཐོང་གི་རྒྱུན་ལམ་ཚུ་ འཕྲངམ་འཕྲང་ས་རང་ རྒྱ་གར་ལས་ བཀྲམ་སྤེལ་འབད་མི་དེ་ ལག་ལེན་འཐབ་སྟེ་སྡོད་ཡོདཔ་ད་ འདི་གི་དོན་ལུ་ ཟླ་རིམ་བཞིན་དུ་ དངུལ་ཀྲམ་༥༠༠ དེ་རེ་ སྤྲོད་དགོཔ་ཐོན་ཡོདཔ་ཨིན་མས། ཨིན་རུང་ ད་རེས་ མཐུན་རྐྱེན་དེ་བཟུམ་ཐོབ་མི་ལས་བརྟེན་ཏེ་ ཟད་འགྲོ་བཏང་མ་དགོ་པར་ ཞབས་ཏོག་ཚུ་ སྤྱོད་ཚུགས་པའི་ ཁེ་ཕན་ཡོདཔ་ཨིན་མས།

ད་རུང་ མཐུན་རྐྱེན་དེ་ལས་བརྟེན་ཏེ་ ད་རེས་ མཐའ་ཟུར་གྱི་ས་གནས་ཚུ་ནང་ལས་ཕར་ རྒྱང་མཐོང་གི་རྒྱུན་ལམ་ ལྷོད་མ་ཚུགས་པར་ཡོད་མི་ ས་གནས་ཚུ་ནང་ལས་ཕར་ཡང་ འབྲུག་རྒྱང་བསྒྲགས་ཀྱི་ རྒྱང་མཐོང་དང་ རྒྱང་བསྒྲགས་རེ་དྲིའོ་གི་ རྒྱུན་ལམ་ཚུ་ འཐོབ་ཚུགས་ནི་ཨིན་མས། ལྷོ་ཨེ་ཤི་ཡ་འཕྲུལ་སྐར་འདི་ ལྷོ་ཨེ་ཤི་ཡན་ལུང་ཕྱོགས་མཐུན་འབྲེལ་ཚོགས་པའི་ ལུང་ཕྱོགས་ཀྱི་དོན་ལུ་ རྒྱ་གར་གཞུང་གིས་ ཁྱོམས་བཟུམ་ཅིག་སྦེ་ བྱིན་ཏེ་ཡོདཔ་ཨིན་མས།། འདི་བཟུམ་སྦེ་ ཐིམ་ཕུག་རྫོང་ཁག་ སྲོས་དང་ན་རོ་ དེ་ལས་ གླིང་གཞི་རྒེད་འོག་ཚུ་ནང་ལས་ཕར་ཡང་ ཡོངས་འབྲེལ་གྱི་རྒྱུན་ལམ་ཚུ་ གཏན་ཏོག་ཏོ་སྦེ་རང་ འཐོབ་ཚུགས་པའི་རེ་བ་ཡོདཔ་ཨིན་མས།