གཟའ་ཉི་མ། ༢༠༡༩ ཟླ་༨ པའི་སྤྱི་ཚེས་༡༧

ས་ཆ་སྤོ་སོར་འབད་ནི་གི་དོན་ལས་ ཡོངས་འབྲེལ་གྱི་མཐུན་རྐྱེན།

སྤྱི་ཟླ་༢ པའི་ཚེས་ ༡༢ ༢༠༡༩

༉ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱིས་ ཨི་ས་སྐོར་ཟེར་མི་ ཡོངས་འབྲེལ་གྱི་མཐུན་རྐྱེན་གཅིག་ འགོ་བཙུགས་ཏེ་ཡོདཔ་ལས་ ད་ལས་ཕར་ མི་སེར་ཚུ་གིས་ ས་ཆ་དང་འབྲེལ་བའི་ ཞབས་ཏོག་ཚུ་ལེན་ནི་གི་དོན་ལུ་ ཨིན་ཅི་མིན་ཅི་ ལྷན་ཚོགས་འདི་ནང་ལུ་རང་ འགྱོ་དགོཔ་མི་འཐོན་ནི་ཨིན་མས།

ད་རུང་ ལྷན་ཚོགས་ཀྱིས་ འཕྲལ་ཁམས་གཅིག་ཁར་ ད་རེས་འགོ་དང་པ་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ ༤༢ ལུ་ ཉིནམ་ ༡༠ གྱི་རིང་ལུ་ ས་ཆ་སྤོ་སོར་དང་འབྲེལ་བའི་ ཤེས་ཡོན་ཚུ་གི་སྐོར་ལས་ མ་ཚང་ཚངམ་སྦེ་ སྦྱོང་བརྡར་ཚུ་ཡང་བྱིན་ཏེ་སྦེ་འདུག དེ་འབདཝ་ལས་ ད་ལས་ཕར་ མི་སེར་ཚུ་གིས་ ཡོངས་འབྲེལ་གྱི་ཞབས་ཏོག་དེ་ ལག་ལེན་འཐབ་ནི་ནང་ལུ་ དཀའ་ངལ་རེ་འཐོན་པ་ཅིན་ ཁོང་ཆ་ཁྱབ་ལས་ རྒྱབ་སྐྱོར་ཚུ་ལེན་ཚུགས་ནི་ཨིན་མས། ཨི་ས་སྐོར་ཟེར་མི་ ཡོངས་འབྲེལ་གྱི་མཐུན་རྐྱེན་དེ་ཡང་ འདས་པའི་ཟླཝ་ནང་ འགོ་འབྱེད་འབད་ཡོདཔ་ད་ དེ་བསྒང་ སྦྱོང་བརྡར་དེ་ནང་ལུ་ གྲལ་ཁར་གཏོགས་མི་ཚུ་ལུ་ རྒྱལ་ཁབ་ནང་ལུ་ ས་ཆ་སྤོ་སོར་དང་འབྲེལ་བའི་ ལཱ་ག་ཅི་བཟུམ་ཅིག་ཨིན་རུང་ འབད་ཐག་ཆོག་པའི་ ངོ་སྦྱོར་ཅན་གྱི་ ལག་ཁྱེར་འཆང་མི་ཅིག་སྦེ་ ངོས་འཛིན་འབད་དེ་འདུག

ད་རེས་ ཨི་སི་ཊི་ཛྷན་དང་ཨི་ས་སྐོར་ཟེར་མི་ ཡོང་འབྲེལ་གྱི་མཐུན་རྐྱེན་ཚུ་ ལག་ལེན་འཐབ་ནི་ འགོ་བཙུགས་ཏེ་ཡོད་མི་དང་འབྲེལ་ ཁོང་ཆ་ཁྱབ་ཀྱིས་ཡང་ ཞབས་ཏོག་ཚུ་འབྱིན་ནི་གི་དོན་ལུ་ ཡིག་ཚང་ཚུ་ཡང་ སྒོ་ཕྱེ་སྟེ་ཡོདཔ་ཨིན་མས། བོད་ཡུལ་ས་ཆ་སྤྲོད་ལེན་ཡིག་ཚང་སྒོ་ཕྱི་མི་ ཨྱོན་ཚེ་རིང་གིས་སླབ་མི་ནང་ ཐིམ་ཕུག་ལུ་ མི་མང་ཤོས་ཅིག་རང་ ཆོས་བལྟ་མི་ཚུ་འབདཝ་ལས་ ས་ཆ་སྤོ་སོར་ཚུ་ འཇམ་ཏོང་ཏོ་སྦེ་འབད་ཚུགས་ནི་ཨིན་རུང་ གྲོང་གསེབ་ཀྱི་ ས་གནས་ནང་སྡོད་མི་ཚུ་ལུ་ དཀའ་ངལ་འཐོན་ནི་ཨིནམ་ལས་ ཁོང་ལག་ཁྱེར་འཆང་མི་ཚུ་གིས་ ཞབས་ཏོག་དེ་་ རྫོང་ཁག་ ༢༠ ག་རའི་དོན་ལས་ འབྱིན་འོང་ཟེར་བཤད་ཅི།

ད་རུང་ ལག་ཁྱེར་འཆང་མི་ཚུ་གིས་བཀོད་མི་ནང་ ཞབས་ཏོག་དེ་ལས་བརྟེན་ཏེ་ ད་རེས་ ས་ཆ་བར་ཚོང་རྐྱབ་མི་ཚུ་གིས་ སའི་གོང་ཚད་ཚུ་ མཐོ་སུ་ཅིག་སྦེ་སླབ་མི་གི་ གནད་དོན་ཚུ་ཡང་ མར་ཕབ་འབད་ཚུགསཔ་མ་ཚད་ ཧེ་མ་བཟུམ་སྦེ་ ཡིག་ཆ་ཚུ་ འབྱང་ནི་གི་ ཉེན་ཁ་ཡང་ མི་འཐོན་ཟེར་ཨིན་མས། སྤྱི་ལོ་ ༢༠༡༧ ལོའི་ འཛམ་གླིང་དངུལ་ཁང་གི་སྙན་ཞུ་དང་འཁྲིལཔ་ད་ ས་ཆ་སྤོ་སོར་འབད་བའི་སྐབས་ སྤྱིར་སྙོམས་ལུ་ ཉིནམ་ ༧༧ འགོར་ཏེ་ཡོདཔ་སྦེ་ཨིན་མས། ད་རུང་ གཞན་མི་སྙན་ཞུ་ཅིག་དང་འཁྲིལ་པ་ཅིན་ ས་ཆ་སྤྲོད་ལེན་འབད་ནི་གི་དོན་ལས་ ཉིནམ་ ༩༠ འགོར་ཏེ་ཡོདཔ་སྦེ་མཐོང་ནུག

དེ་འབདཝ་ལས་ ད་རེས་ ས་ཆ་དང་འབྲེལ་བའི་ ཞབས་ཏོག་ཚུ་བྱིན་ནི་གི་དོན་ལུ་ ཡོངས་འབྲེལ་གྱི་མཐུན་རྐྱེན་གཅིག་ འགོ་བཙུགས་མི་དེ་གིས་ ས་ཆ་སྤྲོད་ལེན་གྱི་བྱ་རིམ་ཚུ་ མགྱོགས་སུ་ཅིག་སྦེ་ འབད་ཚུགས་པའི་ དམིགས་གཏད་བསྐྱེདཔ་ཨིན་མས། ཨིན་རུང་ མི་ཚུ་གིས་ ཁོང་ཆ་ཁྱབ་ལས་ ཞབས་ཏོག་ཚུ་ལེན་པའི་སྐབས་ ཡོངས་འབྲེལ་གྱི་ཐོག་ལས་ ས་ཁྲལ་བཏབ་བྱིན་མི་དེ་རྩིས་ཏེ་ ཞབས་ཏོག་གི་འཐུས་ཚུ་ སྤྲོད་དགོ་ནི་ཨིན་མས། ཞབས་ཏོག་དེ་ལས་བརྟེན་ཏེ་ སྤྱིར་བཏང་ ས་ཁྲལ་བསྡུ་ལེན་འབད་ནི་ལས་འགོ་བཙུགས་ཏེ་ བདག་སྐྱོང་དང་འཛིན་སྐྱོང་གི་སྤུས་ཚད་ཚུ་ ཡར་དྲག་གཏང་ནི་ནང་ལུ་ ལྷན་ཐབས་འབྱུང་ཚུགས་པའི་ རེ་བ་ཡོདཔ་ཨིན་མས།