གཟའ་ཉི་མ། ༢༠༡༩ ཟླ་༨ པའི་སྤྱི་ཚེས་༡༧

ཁྲོམ་གྱི་ས་གོ་ནང་ལས་ཕར་ ཤིང་འབྲས་ཀྱི་ལྕངམ་ཚུ་ བཙུགས་ནི་ཨིནམ།

སྤྱི་ཟླ་༢ པའི་ཚེས་ ༡༢ ༢༠༡༩

༉ འབྲུག་སྐྱེ་ལྡན་གནས་སྟངས་ཚོགས་སྡེ་གིས་ ད་རིས་ རྒྱལ་ཁབ་ནང་གི་ ཁྲོམ་ཚོགས་ལྟེ་བ་སྦོམ་ཚུ་གི་དོན་ལས་ ཤིང་འབྲས་ཀྱི་ལྕངམ་བཙུགས་ནི་གི་ ལས་འགུལ་ཅིག་ འགོ་བཙུགས་ནུག

ལས་འགུལ་འདི་གི་འོག་ལུ་ ད་ལས་ཕར་ སྔོ་ལྗངས་དང་ལྡན་པའི་ ཁྲོམ་སྦོམ་གྱི་ས་གོ་ཚུ་ནང་ལས་ཕར་ ཤིང་འབྲས་ཀྱི་ལྕངམ་ཚུ་ བཙུགས་ནི་ཨིན་མས།

ལས་འགུལ་འདི་ཡང་ འགོ་དང་པ་རང་ ཐིམ་ཕུག་གི་ས་གོ་ཁག་ཚུ་ནང་ ཤིང་འབྲས་ཀྱི་ལྕངམ་༨༠དེ་ཅིག་བཙུགས་ཞིན་ན་ འགོ་བཙུགས་ནི་ཨིན་མས།

ཤིང་འབྲས་ཀྱི་ལྕངམ་བཙུགས་ནི་གི་ ལས་འགུལ་འདི་ཡང་ ན་གཞོན་ཨ་ལོ་ཚུ་དང་ མི་ངོམ་ག་རང་ ཤིང་གི་ལྕངམ་ཚུ་བཙུགས་ཏེ་ མི་སྡེ་ནང་གི་ སྔོ་ལྗངས་དང་ལྡན་པའི་ ས་གོ་ཚུ་ཉམས་སྲུང་དང་ རྒྱུན་སྐྱོང་འཐབ་ནི་ནང་ འབྲེལ་གཏོགས་འབད་དེ་ བཞག་ཐབས་ལུ་དམིགས་ཏེ་ འགོ་བཙུགས་ཡོདཔ་ཨིན་མས།

ལས་འགུལ་གྱི་འཛིན་སྐྱོང་པ་ དཀོན་མཆོག་ཚེ་རིང་གིས་སླབ་མི་ནང་ ཤིང་འབྲས་ཀྱི་ལྕངམ་བཙུགས་མི་འདི་གིས་ ཁྲོམ་གྱི་ས་གོ་ཚུ་ནང་ལས་ཕར་སྡོད་མི་ཚུ་ལུ་ མཐའ་འཁོར་ལུ་སྤྲོ་སྣང་དང་ མ་འོང་པའི་ནང་ལུ་ ཤིང་འབྲས་ཀྱི་ཤིང་རིགས་ཚུ་ འཐོབ་ཚུགསཔ་པའི་ ཕན་ཐོགས་འབྱུང་འོང་ཟེར་བཤད་ཅི།

ད་རུང་ ལས་འགུལ་འདི་ཡང་ ད་རེས་ རྒྱལ་ཁབ་ནང་ལུ་ ལག་ལེན་མ་འཐབ་པར་ཡོད་པའི་ ས་གོ་མང་ཤོས་ཅིག་རང་ སྐྱེ་ལྡན་གནས་སྟངས་ཀྱི་རིིམ་ལུགས་འདི་ མཛེས་ཆ་དང་ལྡནམ་སྦེ་བཟོ་ཞིནམ་ལས་ ལག་ལེན་འཐབ་བཏུབ་སྦེ་ བཟོ་ཚུགས་པའི་ དམིགས་གཏད་བསྐྱེདཔ་ཨིན་མས།

ཤིང་འབྲས་ཀྱི་ལྕངམ་ཚུ་ཡང་ རྩྭ་དང་ཤིང་ དེ་ལས་ མེ་ཏོག་ཚུ་བཙུགས་ཏེ་ཡོད་སའི་ སྔོ་ལྗངས་དང་ལྡན་པའི་ ཁྲོམ་གྱི་ས་གོ་ཚུ་ནང་ལས་ཕར་བཙུགས་ཏེ་ སྤྲོ་གསེང་གི་ས་གོ་ཅིག་སྦེ་ བཟོ་ནི་ཨིན་མས།

འདི་གིས་སྦེ་ ཐལཝ་དང་ གཙོག་རླུང་མར་ཕབ་འབད་ནི་ནང་ལུ་ ཕན་ཐོགས་བྱུང་ནི་ཨིན་པའི་ཁར་ གྱིབ་མ་ཚུ་ཡང་ ཐོབ་ཚུགས་ནི་ཨིན་མས།

ཤིང་གི་ལྕངམ་ཚུ་ བཙུགས་ཚར་བའི་ཤུལ་ལུ་ འབྲུག་སྐྱེ་ལྡན་གནས་སྟངས་ཚོགས་སྡེ་གིས་ ར་བ་བསྒོར་ཞིན་ན་ ཆུ་དང་ལུད་ཚུ་ བླུགས་ཞིནམ་ལས་ བདག་འཛིན་འཐབ་སྟེ་ བདུན་ཕྲག་རེ་གི་བར་ན་ ཚར་གཉིས་དེ་རེ་ ལྟ་རྟོག་འབད་ནི་སྦེ་འདུག

ལས་འགུལ་འདི་ སྤ་རོ་དང་སྤུ་ན་ཁ་ དེ་ལས་ དབང་འདུས་ཕོ་བྲང་གི་ ས་གོ་ཚུ་ནང་ལས་ཕར་ཡང་ འགོ་བཙུགས་ནི་ཨིན་མས།