གཟའ་ལྷག་པ། ༢༠༡༩ ཟླ་༣ པའི་སྤྱི་ཚེས་༢༦

ནགས་ཚལ་ནང་ལས་ ཆོག་ཐམ་ལེན་ནི་གི་ བྱ་སྒོའི་རིམ་པ་ཚུ་ལུ་གསུང་གྲོས།

སྤྱི་ཟླ་༡ པའི་ཚེས་ ༡༡ ༢༠༡༩

༉ རྒྱལ་ཡོངས་ཚོགས་འདུ་གིས་ དབང་འདུས་ཕོ་བྲང་རྫོང་ཁག་ཚོགས་འདུ་གིས་ གྲོང་གསེབ་ནང་ལུ་ ནགས་ཚལ་དང་འབྲེལ་བའི་ཆོག་ཐམ་ཚུ་ལེན་པའི་ བྱ་སྒོའི་རིམ་པ་ཚུ་ ལེ་ཤ་ཡོད་པའི་སྐོར་ལས་ ཞུ་བ་ཕུལ་མི་འདི་ལུ་ གསུངས་གྲོས་གནང་ཡི།

ཞུ་བ་འདི་ནང་ལུ་ མི་སེར་ཚུ་གིས་ ནགས་ཚལ་ཤིང་ཆས་ཀྱི་ཆོག་ཐམ་འདི་ སྟབས་བདེ་ཏོག་ཏོ་དང་འཇམ་ཏོང་ཏོ་སྦེ་ ཐོབ་ཚུགསཔ་བཟོ་དགོ་པའི་ སྐོར་ལས་འཁོད་དེ་འདུག

དབང་འདུས་ཕོ་བྲང་རྫོང་ཁག་ ཨ་ཐང་ཐེད་ཚོ་འདེམས་ཁོངས་ཀྱི་འཐུས་མི་ ཀུན་ལེགས་དབང་འདུས་ཀྱིས་ཞུ་མི་ནང་ ད་རེས་བཟུམ་ཅིག་འབད་བ་ཅིན་ མི་སེར་ཚུ་གིས་ ནགས་ཚལ་དང་འབྲེལ་བའི་ཆོག་ཐམ་ཚུ་ལེན་ནི་གི་དོན་ལུ་ རྫོང་ཁག་ལྟེ་བ་དང་ ཁོང་རའི་གཡུས་ཚན་ཚུ་ནང་ལས་ ཐག་རིང་ས་ཡོད་པའི་ ནགས་ཚལ་ཡིག་ཚང་ཚུ་ནང་ལས་ཕར་ འགྱོ་དགོཔ་ཐོན་ཏེ་ཡོདཔ་སྦེ་ཞུ་ཡི།

འདི་ལུ་ འཐུས་མི་མང་ཤོས་ཅིག་གིས་རང་བཀོད་མི་ནང་ བཟུམ་གྱི་སྟབས་མ་བདེ་བའི་གནད་དོན་འདི་ ཁོང་རའི་རྫོང་ཁག་ཚུ་ནང་ལས་ཕར་ཡང་ ཐོན་ཏེ་ཡོདཔ་ལས་ རྒྱབ་སྐྱོར་ཚུ་ཕུལ་ནུག

འདི་ཡང་ འཐུས་མི་ཚུ་གིས་ཞུ་མི་ནང་ རྫོང་ཁག་ནང་ཡོད་པའི་ ནགས་ཚལ་གཙོ་འཛིན་འགོ་དཔོན་གྱི་ནང་ལས་ ཆོག་ཐམ་དེ་ཐོབ་ནི་གི་དོན་ལུ་ དུས་ཡུན་ལེ་ཤ་རང་ འགོར་ཏེ་ཡོདཔ་སྦེ་ཨིན་མས།

འདི་ལུ་ སོ་ནམ་བློན་པོ་ ཡེ་ཤེས་དཔལ་འབྱོར་གྱིས་ཞུ་མི་ནང་ ལྷན་ཁག་གི་ཁ་ཐུག་ལས་ ནགས་ཚལ་གྱི་ཆོག་ཐམ་ཚུ་ ནགས་ཚལ་དང་འབྲེལ་བའི་ བཅའ་ཁྲིམས་དང་སྒྲིག་གཞི་ཚུ་དང་འཁྲིལ་ཏེ་ བྱིན་ཏེ་རང་ཡོདཔ་ལས་ དེ་སྦེ་ སྟབས་མ་བདེཝ་འཐོན་མི་འདི་ བཅའ་ཁྲིམས་དང་སྲིད་བྱུས་ལུ་བརྟེན་ཏེ་མེན་པར་ འཛིན་སྐྱོང་ལེགས་ཤོམ་སྦེ་ མ་འཐབ་མི་ལུ་བརྟེན་ཏེ་ ཨིནམ་བཟུམ་ཅིག་འདུག་ཟེར་ཞུ་ཡི།

ད་རུང་ མོང་སྒར་ དགྲ་མེད་རྩེ་སྔ་ཚང་གི་འཐུས་མི་ ཨོ་རྒྱན་དབང་འདུས་ཀྱིས་ཞུ་མི་ནང་ འདི་བཟུམ་གྱི་གནད་དོན་ཚུ་ སེལ་ཚུགས་པའི་རེ་བ་བསྐྱེད་དེ་སྦེ་ ཧེ་མའི་ཚོགས་ཐེངས་ནང་ལུ་ སོན་ནམ་དང་ནགས་ཚལ་ལྷན་ཁག་ལུ་ བཏང་ཡོདཔ་སྦེ་ཞུ་ཡི།

གནད་དོན་འདི་གི་ཐོག་ལུ་ གྲོས་བསྡུར་མཐིལ་ཕྱིན་སྦེ་གནང་ཞིནམ་ད་ ཚོགས་འདུ་གིས་ གཞུང་སྐྱོང་ལེགས་ལྡན་ཚོགས་ཆུང་ལུ་ གནད་དོན་འདི་གི་སྐོར་ལས་ ལྷན་ཁག་དང་གཅིག་ཁར་ གསུངས་གྲོས་གནང་ཞིནམ་ལས་ ཞིབ་འཚོལ་ཅིག་འབད་དེ་ འདི་གི་སྙན་ཞུ་ཅིག་ ཤུལ་མ་གནམ་བྱཱར་གྱི་ཚོགས་ཐེངས་ནང་ལུ་ གསལ་ཞུ་ཕུལ་དགོཔ་སྦེ་ གྲོས་ཐག་བཅད་དེ་འདུག