གཟའ་མིག་དམར། ༢༠༡༩ ཟླ་༡ པའི་སྤྱི་ཚེས་༢༡

སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ལྷ་ཁང་ཅིག་བཀྲིས་རབས་གནས་མཛད་གནང་ཡོདཔ།

སྤྱི་ཟླ་༡ པའི་ཚེས་ ༡༡ ༢༠༡༩

༉ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ མོང་སྒར་རྫོང་ཁག་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་ལུ་ཡོད་པའི་ པདྨ་འོད་གསལ་ཆོས་གླིང་ལྷ་ཁང་འདི་ བཀྲ་ཤིས་རབ་གནས་མཛད་གནང་ཡི།

མོང་སྒར་རྫོང་ཁག་ནང་ལུ་ གཞུང་ལས་ མ་དངུལ་གྱི་རྒྱབ་སྐྱོར་ཚུ་ མ་ལེན་པར་བཞེངས་ཡོད་པའི་ ལྷ་ཁང་འདི་ པདྨ་འོད་གསལ་ཆོས་གླིང་ལྷ་ཁང་རྐྱངམ་ཅིག་ཨིན་མས།

འདི་བཟུམ་གྱི་ ཐབས་ཤེས་བཏོན་མི་འདི་ གཏོར་མ་གཞོང་ལས་ཨིན་མི་ བཀྲིས་བསྒང་རབ་སྡེ་གི་བླམ་གནས་བརྟན་ཀརྨ་རང་གྲོལ་ཨིནམ་ད་ ཁོ་གིས་ ལྷ་ཁང་བཞེངས་ནི་དོན་ལུ་ མ་དངུལ་ཚུ་ཡང་ གཡུས་ཚན་འདི་ནང་གི་མེ་སེར་ཚུ་དང་ ས་གནས་གཞན་ཁ་ལས་ཕར་སྡོ་མི་ གཡུས་འདི་ནང་གི་མི་སེར་ཚུ་ལས་ མི་སྡེའི་བརྡ་བརྒྱུད་ཀྱི་ཐོག་ལས་ མ་དངུལ་བསྡུ་ལེན་འབད་ཞིན་ན་ བཞེངས་ཡོདཔ་ཨིན་མས།

འདི་ལུ་ བཀྲིས་སྒང་རབ་སྡའི་ བླམ་གནས་བརྟན་ ཀརྨ་རང་གྲོལ་གྱིས་བཀོད་མི་ནང་ གཞུང་གིས་ལྷ་ཁང་རྐྱབ་གནང་པའི་སྐབས་ལུ་ དད་པ་དང་མོས་གུས་ཚུ་ དེ་ཅིག་རང་མི་བསྐྱེད་དོ་ཡོདཔ་མ་ཚད་ སྦྱིན་རླབས་ཡང་ ཉུང་སུ་ཅིག་ལས་བརྒལ་ཏེ་ མ་བརྒྱུག་ནི་མི་ལུ་བརྟེན་ཏེ་ ལྷ་ཁང་གསརཔ་རྐྱབ་ནི་གི་ དམིགས་པ་བསྐྱེད་ཡོདཔ་སྦེ་བཤད་ཅི།

ད་རུང་ ཁོ་གིས་སླབ་མི་ནང་ ཁོ་ར་བླམ་ཅིག་འབདཝ་ལས་ ཁོ་གིས་ ཆོས་ཕྱོགས་ཀྱི་ལས་རིམ་ཚུ་ འབད་བའི་སྐབས་ལུ་ མི་སེར་ཚུ་ལས་ དངུལ་ཀྲམ་ལེ་ཤ་སྦེ་འཐོབ་དོ་ཡོདཔ་ལས་ མི་སེར་ཚུ་ལུ་ ཚོགས་བསག་ནི་དང་ སྒྲིབ་པ་དག་ནི་ དེ་ལས་ ཞི་བདེ་འཐོབ་ནི་གི་དོན་ལུ་ ལྷ་ཁང་བཞེངས་ནི་གི་ལཱ་ཚུ་ འགོ་འདྲེན་འཐབ་ཡོདཔ་སྦེ་ཨིན་མས།

གཡུས་འདི་ནང་གི་མི་སེར་ཚུ་གིས་སླབ་མི་ནང་ ལྷ་ཁང་གསརཔ་འདི་ལས་བརྟེན་ཏེ་ གཡུས་ཚན་འདི་ནང་ལུ་ ཆོས་ཕྱོགས་ཀྱི་ལས་རིམ་ཚུ་ འགོ་འདྲེན་འཐབ་པའི་སྐབས་ལུ་ མ་ཤོང་པའི་དཀའ་ངལ་ཚུ་ མི་འཐོན་འོང་མནོ་བའི་རེ་བ་ཡོདཔ་སྦེ་བཤད་ཅི།

ཟད་འགྲོ་དངུལ་ཀྲམ་ས་ཡ་༣༠དེ་ཅིག་བཏང་ཡོད་པའི་ པདྨ་འོད་གསལ་ཆོས་གླིང་ལྷ་ཁང་བཞེངས་ནི་གི་ ལས་འགུལ་འདི་ཡང་ སྤྱི་ལོ་༢༠༡༤ལུ་ འགོ་བཙུགས་ཡོདཔ་ད་ ན་ཧིང་ མཇུག་བསྡུ་ནུག

 

སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ལྷ་ཁང་ བཀྲིས་རབས་གནས་མཛད་གནང་མི་དང་འབྲེལ་ བཀྲ་ཤིས་སྒང་ལས་ སྐྱེས་ལོ་༤༩ ལང་མི་ ཀརྨ་དཔལ་འབྱོར་འདི་ ལྷ་ཁང་འདི་གི་བླམ་སྦེ་ བཀྲ་ཤིས་ལེགས་དར་གནང་ཡི།

འདི་བཟུམ་སྦེ་ སྐྱབས་རྗེ་རྗེ་མཁན་མཆོག་གིས་ ཕྱི་རུ་ཁམས་གཅིག་ཁར་ འདི་ཁར་འཛོམས་མི་ཚུ་ལུ་ བཀའ་དབང་ཅིག་ཡང་ གནང་ཡོདཔ་ཨིན་མས།