གཟའ་མིག་དམར། ༢༠༡༩ ཟླ་༡ པའི་སྤྱི་ཚེས་༢༡

རྡོ་རྗེ་སློབ་དཔོན་གྱིས་ བཤད་གྲའི་དབུ་འཛིན་གསུམ་བསྐོ་བཞག

སྤྱི་ཟླ་༡ པའི་ཚེས་ ༡༡ ༢༠༡༩

༉ གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་གྱིས་ ཁ་ཙ་དྲོ་པ་ སྤུ་ན་ཁ་རྫོང་ནང་ལུ་སྦེ་ བཤད་གྲྭ་ ༣ གྱི་ དབུ་འཛིན་ཚུ་ བསྐོ་བཞག་མཛད་གནང་ཡོདཔ་ཨིན།

དབང་འདུས་ཕོ་བྲང་ལས་ ཀུན་ལེགས་དོན་གྲུབ་འདི་ སྤུ་ན་ཁ་ ལེགས་བཤད་འབྱུང་གནས་བཤད་གྲྭའི་ དབུ་འཛིན་གསརཔ་སྦེ་ བསྐོ་བཞག་གནང་ཡི།

ཁོ་གིས་ ད་རེས་ཀྱི་ གོ་གནས་མ་ལེན་པའི་ ཧེ་མ་ ལེགས་བཤད་འབྱུང་གནས་བཤད་གྲྭ་གི་ སློབ་དཔོན་སྦེ་ ལོ་ ༧ ཕྱག་ཞུ་ཡོདཔ་ཨིན་མས།

འདི་བཟུམ་སྦེ་ སྤ་རོ་ལས་ རྡོ་རྗེ་ཚེ་རིང་འདི་ ད་རེས་ སྤུ་ན་ཁ་ རྟ་ལོག་བཤད་གྲྭ་གི་ དབུ་འཛིན་སྦེ་ བསྐོ་བཞག་གནང་ནུག

ཁོ་གིས་ དབུ་འཛིན་མ་འབད་བའི་ ཧེ་མ་ ཕུན་ཚོགས་གླིང་བཤད་གྲྭ་དང་ སེམས་རྟོགས་ཁ་བཤད་གྲྭ་གི་ སློབ་དཔོན་སྦེ་ ཕྱག་ཞུ་ནུག

དེ་ལས་ དབང་འདུས་ཕོ་བྲང་ལས་ ངག་དབང་ཀུན་དགའ་དཔལ་ལྡན་འདི་ སེམས་རྟོགས་ཁ་བཤད་གྲྭ་གི་ དབུ་འཛིན་གསརཔ་སྦེ་ བསྐོ་བཞག་གནང་ནུག

ཁོ་གིས་ ད་རེས་ཀྱི་ གོ་གནས་གསརཔ་མ་ལེན་པའི་ ཧེ་མ་ སེམས་རྟོགས་ཁ་བཤད་གྲྭ་ནང་ལུ་ར་ དབུ་འཛིན་འོགམ་སྦེ་ ལོ་ ༡༡ ཕྱག་ཞུ་ཡོདཔ་ཨིན་མས།