གཟའ་ཕུར་བུ། ༢༠༡༩ ཟླ་༦ པའི་སྤྱི་ཚེས་༢༦

ལྕམ་མཁར་ཆུ་གློག་མེ་ལས་འགུལ་འགོ་བཙུགས་ནི་ནང་ དུས་ཡུན་འགོར་ནི་ཨིནམ།

སྤྱི་ཟླ་༡ པའི་ཚེས་ ༡༡ ༢༠༡༩

༉ ལྕམ་མཁར་ཆུ་གློག་མེ་ལས་འགུལ་གྱི་ གློག་ཤུགས་མེ་གཱ་ཝཊ་༧༧༠་འབད་མི་གི་ ལཱ་འགོ་བཙུགས་ནི་དོན་ལས་ ད་རུང་རང་ ད་ལས་ཕར་ དུས་ཡུན་ལེ་ཤ་ཅིག་ར་ འགོར་ནི་བཟུམ་ཅིག་ཡོདཔ་སྦེ་ཨིན་མས།

གནད་དོན་འདི་ཡང་ འཕྲལ་ཁམས་གཅིག་ཁར་ མཁོ་ལོང་ཆུ་གློག་མེ་ལས་འགུལ་གྱི་ མཉམ་འབྲེལ་ལས་དོན་ནང་ལུ་ སྟབས་མ་བདེཝ་འཐོན་མི་ཚུ་ལུ་ གཞི་བཞག་ཏེ་སྦེ་ཨིན་མས།

ད་རུང་ ལྕམ་མཁར་ཆུ་གློག་མེ་ལས་འགུལ་འདི་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་དང་ རྒྱ་གར་རྒྱལ་ཁབ་ཀྱི་ རྒྱལ་ཡོངས་གློག་མེ་ལས་འཛིན་དང་གཅིག་ཁར་ མཉམ་འབྲེལ་ལས་དོན་གྱི་ ལས་འགུལ་ཅིག་ཨིན་མས།

རྒྱལ་ཡོངས་ཚོགས་འདུ་ཚོགས་པའི་སྐབས་ལུ་ གཞལ་སྒང་རྫོང་ཁག་གི་ སྤྱི་ཚོགས་ཀྱི་འཐུས་མི་ རྡོ་རྗེ་དབང་འདུས་གྱིས ལྕམ་མཁར་ཆུ་གློག་མེ་ལས་འགུལ་འདི་ གཞུང་གིས་ ནམ་ལས་འགོ་བཙུགས་ནི་ཨིན་ན་ཟེར་བའི་དྲི་བ་ཞུ་ཡི།

འདི་ལུ་ བློན་ཆེན་ ཌོག་ཊར་ བློ་གྲོས་ཚེ་རིང་གིས་བཀོད་མི་ནང་ ལྕམ་མཁར་ཆུ་གློག་མེ་ལས་འགུལ་འདི་ མཉམ་འབྲེལ་ལས་དོན་སྦེ་ འགོ་བཙུགས་ནི་ཨིན་པ་ཅིན་ ད་རེས་ མཁོ་གློང་ཆུ་གློག་མེ་ལས་འགུལ་ནང་ལུ་ སྟབས་མ་བདེཝ་འཐོན་མི་འདི་ བསལ་མ་ཚུགས་ཚུན་ཚོད་ སྒུག་བསྡོད་ཞིན་ན་ མཉམ་འབྲེལ་ལས་དོན་གྱི་ ལམ་ལུགས་ཚུ་ལེགས་ཤོམ་སྦེ་ བཟོ་ཞིན་ན་ ལཱ་འབད་དགེ་ཟེར་ཞུ་ཡི།

ལས་འགུལ་འདི་ སྤྱི་ལོ་༢༠༠༩་ལས་རང་ འདས་པའི་གཞུང་༢་ཀྱིས་ ཁས་བླངས་གསལ་བསྒྲགས་ཅིག་ཨིན་རུང་ གློག་མེ་ལས་འགུལ་གྱི་ ས་ཁོངས་ནང་ལུ་ ད་ལྟོའི་བར་ན་ཡང་ ལཱ་འགོ་བཙུགས་མ་ཚུགས་པར་འདུག

ད་རུང་ ཚོགས་བཞུགས་ཀྱི་སྐབས་ལུ་ གཞན་མི་ སྤྱི་ཚོགས་ཀྱི་འཐུས་མི་ཚུ་གིས་ཡང་ གློག་མེ་ལས་འགུལ་ཁག་ཆེ་མི་དང་ མཐའ་འཁོར་ལུ་ གནོད་པ་ཡོད་པའི་སྐོར་ལས་ ཁོང་རའི་ ཚ་གྱང་ཚུ་ཞུ་ཡི།

གློག་མེ་ལས་འགུལ་འགོ་བཙུགས་ནི་གི་སྐོར་ལས་ གསུང་གྲོས་ཚུ་ མ་བཏུབ་བཏུབ་སྦེ་རང་ གནང་པའི་ཤུལ་མ་ ཚོགས་ཁང་གིས་ བསྟན་རྒྱས་ལྷན་ཁག་འོག་ལུ་ཡོད་པའི་ ཚོགས་ཆུང་ཅིག་གིས་སྦེ་ ལོག་སྟེ་རང་ བལྟ་དགོཔ་སྦེ་ གྲོས་ཆོད་བཏོན་ནུག

འདི་འབདཝ་ལས་ ཚོགས་ཆུང་འདི་གིས་ ལས་འགུལ་འགོ་བཙུགས་ནི་ཐད་ཁར་ ཁོང་རའི་ བརྟག་ཞིབ་འབྱུང་མི་དང་ ལྟ་རྟོག་འབད་ཡོད་པའི་ཚ་གྱང་ཚུ་ ད་ལས་ཕར་ རྒྱལ་ཡོངས་ཚོགས་འདུ་གི་ ནམ་བྱཱར་གྱི་ ཚོགས་བཞུགས་ཀྱི་སྐབས་ལུ་ གསལ་ཞུ་ཕུལ་དགོ་ནི་ཨིན་མས།

ལྕམ་མཁར་ཆུ་གློག་མེ་ལས་འགུལ་རྐྱབ་ནི་གི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་སྟོང་ཕྲག་༧༠་དེ་ཅིག་ གནས་ནི་ཨིན་པའི་ ཚོད་རྩིས་བཏོན་ཏེ་ ཡོདཔ་ཨིན་མས།