གཟའ་མིག་དམར། ༢༠༡༩ ཟླ་༡ པའི་སྤྱི་ཚེས་༢༡

དམིགས་བསལ་གྱི་ལས་རིམ་གཙོ་ཅན་ཚུ་ལུ་ འཐུས་མི་ཚུ་གི་ཚ་གྱང་ཞུ་ཡོདཔ།

སྤྱི་ཟླ་༡ པའི་ཚེས་ ༡༡ ༢༠༡༩

༉ རྒྱལ་ཡོངས་ཚོགས་སྡེ་གིས་ ལོ་ ༥ གི་འཆར་གཞི་ ༡༢ པའི་སྙན་ཞུ་གུ་ གསུངས་གྲོས་གནང་པའི་སྐབས་ འཐུས་མི་ཚུ་གིས་ དམིགས་བསལ་གྱི་ལས་རིམ་གཙོ་ཅན་གྱི་སྐོར་ལས་ ཧིང་སངས་ས་སྦེ་ བཀོད་དགོཔ་ཡོད་པའི་ ཚ་གྱང་ཚུ་ཞུ་ཡི།

འདི་བཟུམ་སྦེ་ འཐུས་མི་ཚུ་གིས་ཞུ་མི་ནང་ དམིགས་བསལ་གྱི་ལས་རིམ་གཙོ་ཅན་ནང་ཡོད་པའི་ གཙོ་རིམ་མང་ཤོས་ཅིག་རང་ རྒྱལ་ཡོངས་དང་ས་གནས་གཞུང་གི་གྲུབ་འབྲས་གཙོ་ཅན་ཚུ་ནང་ ཚུད་དེ་ཡོདཔ་སྦེ་ཨིན་མས།

དམིགས་བསལ་གྱི་ལས་རིམ་གཙོ་ཅན་འདི་ཡང་ ལོ་ ༥ གི་འཆར་གཞི་ ༡༢ པའི་ནང་ལུ་ ཧེ་མའི་འཆར་གཞི་ཚུ་ནང་མེད་པའི་ ལས་རིམ་གསརཔ་ཅིག་ཨིན་མས།

ལས་རིམ་གཙོ་ཅན་འདི་ཡང་ ལྷན་ཁག་དང་ལས་སྡེ་ དེ་ལས་ ས་གནས་གཞུང་ཚུ་གིས་མཉམ་འབྲེལ་འབད་དེ་ དཔལ་འབྱོར་གོང་འཕེལ་གཏང་ནི་དང་ ལཱ་གཡོག་གི་གོ་སྐབས་བཟོ་ནི་ དེ་ལས་ འཐུང་ཆུ་བཀྲམ་སྤེལ་དང་གསོ་བའི་འཕྲོད་བསྟེན་ འདི་བཟུམ་སྦེ་ མི་དམངས་ཀྱི་ཞབས་ཏོག་ཚུ་བཟུམ་སྦེ་ རྒྱལ་ཡོངས་ལུ་ གལ་ཆེ་བའི་གཙོ་རིམ་ཚུ་ ངེས་བདེན་སྦེ་ འགྲུབ་ནི་གི་ལས་རིམ་གཅིག་ཨིན་མས།

ད་རེས་ དམིགས་བསལ་གྱི་ལས་རིམ་གཙོ་ཅན་གྱི་དོན་ལུ་ འཆར་དངུལ་དངུལ་ཀྲམ་ས་ཡ་ ༡༥,༠༠༠ བགོ་བཀྲམ་འབད་དེ་འདུག

འཐུས་མི་ཚུ་གིས་ ལས་རིམ་གཙོ་ཅན་གྱི་ལམ་ལུགས་འགོ་བཙུགས་མི་འདི་ལུ་ ངོས་ལེན་དང་རྒྱབ་སྐྱོར་ཚུ་ཕུལ་ཡོདཔ་ཨིན་རུང་ འཐུས་མི་མང་ཤོས་ཅིག་གིས་ཞུ་མི་ནང་ དམིགས་བསལ་གྱི་ལས་རིམ་གཙོ་ཅན་ནང་ཡོད་པའི་གཙོ་རིམ་ཚུ་ རྒྱལ་ཡོངས་དང་ས་གནས་གཞུང་གི་གྲུབ་འབྲས་གཙོ་ཅན་གྱིས་ འགབ་ཚུགས་ནི་མས་ཟེར་ཨིན་མས།

འདི་བཟུམ་སྦེ་ ཧཱ་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་ འཐུ་མི་ ཨོ་རྒྱན་རྣམ་རྒྱལ་གྱིས་ཞུ་མི་ནང་ དམིགས་བསལ་གྱི་ལས་རིམ་གཙོ་ཅན་ནང་ཡོད་པའི་ གཙོ་རིམ་ཚུ་ དམིགས་གཏད་དང་ འགོ་བཙུགས་དགོ་པའི་ ཁ་གསལ་ཚུ་ འཁོད་དེ་མེདཔ་ལས་ འདི་གི་སྐོར་ལས གྲོས་བསྡུར་འབད་ནི་འདི་ཡང་ ལཱ་ཁག་བཏང་མས་ཟེར་ཞུ་ཡི།

ཨིན་རུང་ ལོ་ ༥ གི་འཆར་གཞི་ ༡༢ པའི་སྙན་ཞུ་ནང་ལུ་ དམིགས་བསལ་ལས་རིམ་གཙོ་ཅན་གྱི་དོན་ལུ་ འཆར་གཞི་དང་ལས་སྣ་ དེ་ལས་ ལཱ་འགན་ཚུ་གི་སྐོར་ལས་ ཁ་གསལ་སྦེ་བཀོད་དེ་ཡོད་ཟེར་ འཁོད་དེ་ཡོད་མི་དང་འབྲེལ་ འཐུས་མི་ཚུ་གིས་ གནད་དོན་ཁ་གསལ་ཚུ་ ལས་རིམ་འདི་ཆ་འཇོག་མ་འབད་བའི་ཧེ་མ་ སྤྱི་ཚོགས་ཀྱི་སྐབས་ལུ་ གསུངས་གྲོས་གནང་ཚུགས་པའི་རེ་བ་འདུག

ད་རུང་ ལོ་ ༥ གི་འཆར་གཞི་ ༡༢ པའི་སྙན་ཞུ་གུ་ལུ་ གསུངས་གྲོས་གནང་པའི་སྐབས་ འཐུས་མི་ཚུ་གིས་ དབུལ་ཕོངས་རྩ་མེད་དང་ ཡོདཔ་དང་མེད་པའི་བར་ན་ ཁྱད་པར་ཉུང་སུ་བཟོ་ནི་ཟེར་བའི་ གནད་དོན་གྱི་ཐོག་ལུ་ཡང་ གྲོས་བསྡུར་མཐིལ་ཕྱིན་སྦེ་རང་གནང་ཡོདཔ་ཨིན།

འདི་ཡང་ འཐུས་མི་ཚུ་གིས་ གནད་དོན་འདི་གི་འོག་ལུ་ཡོད་པའི་ སྐྱེས་འཐུས་དང་སློབ་གྲྭ་ཚུ་ནང་ལས་ཕར་ སློབ་ཕྲུག་ཚུ་ལུ་ ཉི་མའི་བཞེས་སྒོ་གི་སྐོར་ལས་ གསུངས་གྲོས་གནང་ཡོདཔ་ད་ འདི་བསྒང་ འཐུས་མི་ཚུ་གིས་ གྲོང་གསེབ་ཀྱི་ཨམ་སྲུ་ཚུ་ ཨ་ལུ་སྐྱེས་བའི་སྐབས་ སྐྱེས་འཐུས་བྱིན་ནི་དང་ སློབ་གྲྭ་ཚུ་ནང་ལས་བྱིན་མི་ ཉི་མའི་བཞེས་སྒོའི་ལས་རིམ་འདི་ ཞིབ་དཔྱད་ལེགས་ཤོམ་སྦེ་རང་ འབད་དགོཔ་འདུག་ཟེར་བའི་ རྒྱབ་སྣོན་འབད་དེ་འདུག