གཟའ་མིག་དམར། ༢༠༡༩ ཟླ་༡ པའི་སྤྱི་ཚེས་༢༡

འབྲུག་རྒྱལ་འཛིན་མེ་ཏོག་གི་འགྲེམས་སྟོན་ འགོ་འདྲེན་འཐབ་ནི་དོན་ལུ་ གྲ་སྒྲིག་འབད་བའི་བསྒང་།

སྤྱི་ཟླ་༡ པའི་ཚེས་ ༡༡ ༢༠༡༩

༉ བསམ་གྲུབ་ལྗོངས་མཁར་ལུ་ འབྲུག་རྒྱལ་འཛིན་མེ་ཏོག་གི་འགྲེམས་སྟོན་ཐེངས་༥པ་ འགོ་འདྲེན་འཐབ་ནི་གི་དོན་ལས་ ད་རེས་ ས་གནས་འདི་ཁའི་མི་སེར་དང་ཚོང་པ་ དེ་ལས་ དགྲ་ཁག་༣གྱི་དམག་མི་དང་ གཞུང་དང་སྒེར་གྱི་ལས་སྡེ་ཁག་གིས་ གྲ་སྒྲིག་འབད་བའི་བསྒང་རང་འདུག

འབྲུག་རྒྱལ་འཛིན་མེ་ཏོག་གི་འགྲེམས་སྟོན་འདི་ཡང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ འཁྲུངས་སྐར་དུས་སྟོན་དང་འབྲེལ་ སྤྱི་ཟླ་༢པའི་སྤྱི་ཚེས་༢༡ལུ་ འགོ་འདྲེན་འཐབ་ནི་ཨིན་མས།

འབྲུག་རྒྱལ་འཛིན་མེ་ཏོག་གི་འགྲེམས་སྟོན་གྱི་ ཆ་ཤེས་ལས་རིམ་བཟུམ་ཅིག་སྦེ་ ད་རེས་ བསམ་གྲུབ་ལྗོངས་མཁར་ ཁྲོམ་ཁ་ལས་ཕར་ མེ་ཏོག་དང་སྔོ་ཤིང་གི་རིགས་༡༧༠༠ལྷགཔ་ཅིག་བཙུགས་ཏེ་འདུག

མེ་ཏོག་དང་སྔོ་ཤིང་ཚུ་ག་རང་ ཁྲོམ་སྡེ་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ གསོལ་རས་སྦེ་གནང་ཡོདཔ་ཨིན་མས།

འགྲེམ་སྟོན་ལས་རིམ་འདི་ཡང་ བསམ་གྲུབ་ལྗོངས་མཁར་ཁྲོམ་གྱི་ སྤྲོ་བཏོན་ཐང་ནང་ལུ་སྦེ་ བརྩི་སྲུང་འབད་ནི་ཨིན་མས།

བསམ་གྲུབ་ལྗོངས་མཁར་ཁྲོམ་དཔོན་ ཀརྨ་ཤེས་རབ་སྟོབས་རྒྱལ་གྱིས་སླབ་མི་ནང་ ན་ཧིང་ སྤྱི་ཟླ་༦་པའི་ནང་ལུ་ འབྲེལ་ཡོད་ལས་སྡེ་ཚུ་དང་གཅིག་ཁར་ ཞལ་འཛོམས་འགོ་དང་པ་ཚོགས་པའི་ ཉིནམ་ལས་འགོ་བཟུང་སྟེ་ འབྲུག་རྒྱལ་འཛིན་མེ་ཏོག་གི་འགྲེམས་སྟོན་གྱི་དོན་ལས་ གྲ་སྒྲིག་ཚུ་འབད་དེ་རང་ཡོདཔ་སྦེ་བཤད་ཅི།

འདི་འབདཝ་ལས་ འབྲུག་རྒྱལ་འཛིན་མེ་ཏོག་གི་འགྲེམས་སྟོན་དང་འབྲེལ་བ་ཡོད་པའི་ གཞན་མི་ལས་སྣ་ཚུ་ཡང་ ད་རེས་ཀྱི་ཟླཝ་ནང་ གྲ་སྒྲིག་ཚུད་འོང་ཟེར་ཨིན་མས།

ས་གོ་ཨེ་ཀར་༡༠དེ་ཅིག་གི་ནང་ལུ་ མེ་ཏོག་གི་ལྡུམ་ར་ཆེ་ཆུང་ ཁག་༡༥ དེ་ཅིག་ བཟོ་ཚུགས་པའི་རེ་བ་འདུག

བསམ་གྲུབ་ལྗོངས་མཁར་ལུ་ དུས་ཅི་ རྒྱལ་འཛིན་མེ་ཏོག་གི་འགྲེམས་སྟོན་ཐེངས་༥་པ་ འགོ་འདྲེན་འཐབ་དགོ་མི་འདི་ཡང་ རྒྱལ་ཁབ་ནང་ལུ་ འཛུལ་སྒོ་སྦེ་ལག་ལེན་འཐབ་དོ་ཡོདཔ་ལས་ ས་མཚམས་ཁྲོམ་འདི་ ཁག་ཆེ་མི་ལུ་བརྟེན་ཏེ་ ཨིན་མས།

འབྲུག་རྒྱལ་འཛིན་མེ་ཏོག་གི་འགྲེམས་སྟོན་འདི་ཡང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བཀའ་རྒྱ་གནངམ་བཞིན་དུ་ སྤྱི་ལོ་༢༠༡༥ལུ་ འགོ་བཙུགས་ཏེ་ཡོདཔ་ཨིན་མས།