གཟའ་མིག་དམར། ༢༠༡༩ ཟླ་༡ པའི་སྤྱི་ཚེས་༢༡

མི་དབང་རྒྱལ་ཚབ་ཀྱིས་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱི་ ཡོངས་འབྲེལ་༣ གསར་བཏོན།

སྤྱི་ཟླ་༡ པའི་ཚེས་ ༩ ༢༠༡༩

༉ མི་དབང་རྒྱལ་ཚབ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གིས་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱི་དོན་ལུ་ ཡོངས་འབྲེལ་གྱི་ཞབས་ཏོག་༣ གསར་སྟོན་མཛད་གནང་ཡི།

ཨི་ས་སྐོར་ཟེར་མི་ ཡོངས་འབྲེལ་གྱི་ཞབས་ཏོགས་ལས་བརྟེན་ཏེ་ མཐའ་ཟུར་གྱི་ས་གནས་ཚུ་ནང་ལས་ ས་ཆ་ཉོ་བཙོང་དང་ ལག་ཁྲམ་སྤོ་སོར་ དེ་ལས་ ས་ཚབ་ཞུ་ནི་གི་དོན་ལུ་ ཞུ་ཡིག་བཙུགས་ནི་ནང་ ཕན་ཐོགས་འབྱུང་ནི་ཨིན་མས།

ད་རུང་ ལྷན་ཚོགས་ཀྱིས་ འདས་པའི་ལོ་༢ཀྱི་ ཧེ་མ་ ཁྲོམ་ཁར་སྡོད་མི་ཚུ་གི་དོན་ལུ་ཡང་ ཨི་སི་ཊི་ཟཱཎ་ཟེར་མི་ འདི་བཟུམ་མའི་ ཡོངས་འབྲེལ་ཞབས་ཏོག་ཅིག་ འགོ་བཙུགས་ནུག

 རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱི་ དྲུང་ཆེན་ པདྨ་ཚེ་དབང་གིས་སླབ་མི་ནང་ ཨིན་ས་སྐོར་གྱི་ཡངས་འབྲེལ་ལས་བརྟེན་ཏེ་ ཞབས་ཏོག་ཚུ་ལེན་པའི་སྐབས་ལུ་ མི་གཅིག་གིས་གཅིག་ལུ་ འབྲལ་བ་འཐབ་མ་དགོཔ་ལས་ ངན་ལྷན་མར་ཕབ་འབད་ཚུགས་ནི་དང་ ཡིག་ཆ་ཚུ་ཡང་ མ་འབྱང་པར་བཞག་ཚུགས་ནི་ཨིནམ་མ་ཚད་ ཞབས་ཏོག་ཚུ་ ཡར་དྲག་བཏང་ཚུགས་ཟེར་བཤད་ཅི།

ཨི་ས་སྐོར་ཞབས་ཏོག་འདི་ ལག་ལེན་འཐབ་ནི་གི་དོན་ལུ་ རྫོང་ཁག་དང་རྒེད་འོག་བདག་སྐྱོང་གིས་ སྟབས་བདེ་ཏོག་ཏོ་སྦེ་བཟོ་ནི་ཨིན་རུང་ ཞབས་ཏོག་འདི་ སྦྱོང་བརྡར་དང་ལག་ཁྱེར་ཐོབ་མི་ མི་ངོ་ཚུ་གིས་སྦེ་ འབྱིན་གོ་ནི་ཨིན་མས།

འདི་འབདཝ་ལས་ ད་རེས་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་༤༢ཀྱིས་ ཞབས་ཏོག་འདི་དང་འབྲེལ་བའི་སྦྱོང་བརྡར་ཚུ་ འབད་ཚར་ཏེ་འདུག

 རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱི་ དྲུང་ཆེན་ པདྨ་ཚེ་དབང་གིས་སླབ་མི་ནང་ ཁོང་ཆ་ཁྱབ་ཀྱིས་ ཞབས་ཏོག་ཚུ་ འབྱིན་ཆོག་ནི་ཨིནམ་ལས་ ས་ཆའི་ཇོ་བདག་ཚུ་ལས་ཡང་ འཐུས་ཚུ་བསྡུ་ལེན་འབདཝ་འོང་ཟེར་བཤད་ཅི།

འཐུས་འདི་གི་ཐད་ཁར་ལྷོདཔ་ད་ ལྷན་ཚོགས་ཀྱིས་ ཞབས་ཏོག་ལེན་མི་དང་འཁྲིལ་ཏེ་ བསྡུ་ལེན་འབད་ནི་ཨིནམ་ལས་ ཁོང་གི་ཁ་ཐུག་ལས་ ག་དེ་ཅིག་སྤྲོད་དགོ་ག་ གཏན་འཁེལ་སྦེ་ མ་བཟོ་བར་ཡོདཔ་སྦེ་ཨིན་མས།

འདི་གིས་ ད་རེས་ ཁྲོམ་ཁ་ལས་ཕར་ ལམ་ལུགས་དང་མ་འཁྲིལ་བར་ འདི་བཟུམ་འབད་མི་གི་གནད་དོན་ཚུ་ མར་ཕབ་འབད་ཚུགས་པའི་ རེ་བ་འདུག

འདི་བཟུམ་སྦེ་ ས་ཁྲལ་ཚུ་ ཡོངས་འབྲེལ་གྱི་ཐོག་ལས་བཏབ་ནི་གི་ལམ་ལུགས་དང་ ཨེམ་ཨེཎ་ཨེལ་སི་ཨེས་ཟེར་མི་ཡོངས་འབྲེལ་གྱི་ཐོག་ལས་ རྒྱལ་ཡོངས་ཆ་ས་ལྷན་ཚོགས་དང་འབྲེལ་བའི་ ཞབས་ཏོག་ལེན་ནི་གི་ ཡོངས་འབྲེལ་གྱི་ཞབས་ཏོག་གཉིས་ཡང་ གསར་སྟོན་འབད་དེ་ཡོདཔ་ཨིན།

ཡོངས་འབྲེལ་གྱི་ཐོག་ལས་ ས་ཁྲལ་བཏབ་ནི་གི་ཞབས་ཏོག་འདི་ཡང་ རྒྱལ་ཁབ་ནང་ལུ་ ས་ཁྲལ་ཚུ་ ཤོ་མཚུངས་སྦེ་བསྡུ་ཚུགས་ནི་དང་ ས་ཁྲལ་གྱི་ལམ་ལུགས་ཚུ་ འཛིན་སྐྱོང་འཐབ་ཚུགས་ནི་གི་དོན་ལུ་ འགོ་བཙུགས་ཡོདཔ་ཨིན་མས།

དེ་ལས་ ཨེམ་ཨེཎ་ཨེལ་སི་ཨེས་ཟེར་མི་ཞབས་ཏོག་འདི་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱི་ནང་འཁོད་ལུ་ བརྡ་དོན་སྤྲོད་ལེན་ཚུ་ མགྱོགས་སུ་ཅིག་སྦེ་འབད་ཚུགས་ནི་དང་ ཡིག་ཆ་ཚུ་ཚུལ་མཐུན་སྦེ་བཞག་ནི་ དེ་ལས་ མི་དམངས་ཀྱི་ཞབས་ཏོག་ཚུ་ འཇོན་ཐངས་ཅན་ཅིག་སྦེ་བྱིན་ཐབས་ལུ་དམིགས་ཏེ་ འགོ་བཙུགས་ནུག

རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱིས་ ཡོངས་འབྲེལ་གྱི་ཞབས་ཏོག་༣དང་གཅིག་ཁར་ རྒྱལ་ཁབ་ནང་ལུ་ ས་ཆ་བཀོལ་སྤྱོད་དང་འབྲེལ་བའི་ ལམ་སྟོན་དང་ བཅའ་ཡིག་དང་སྒྲིག་གཞི་༦ཚུ་ཡང་ གསར་བཏོན་འབད་དེ་འདུག