གཟའ་མིག་དམར། ༢༠༡༩ ཟླ་༡ པའི་སྤྱི་ཚེས་༢༡

ཚལ་ལུ་གི་ཐོན་ཤུགས་ཚུ་ ཡར་དྲག་བཏང་ནི་གི་དོན་ལུ་ དངུལ་ཀྲམ་ས་ཡ་༩༠༠ ལྷགཔ་ཅིག་བགོ་བཀྲམ།

སྤྱི་ཟླ་༡ པའི་ཚེས་ ༩ ༢༠༡༩

༉ རྒྱལ་ཡོངས་ཚོགས་འདུའི་དྲི་བཀོད་ཀྱི་ལས་རིམ་ནང་ དར་དཀར་ན་རྫོང་ཁག་ ལྷ་མོའི་རྫིང་ཁ་བཀྲ་ཤིས་ལྡིང་འདེམས་ཁོངས་ཀྱི་ སྤྱི་ཚོགས་ཀྱི་འཐུས་ཧེ་མཱཊ་གུ་རུང་གིས་ཞུ་མི་ནང་ རྒྱལ་ཁབ་ནང་ལུ་ ཚལ་ལུ་ཚུ་ལུ་ ནད་གཞི་ཚུ་གིས་གནོད་སྐྱོན་རྐྱབ་མི་ལུ་ གཞུང་གིས་ རྒྱབ་སྐྱོར་དང་བར་འཛུལ་གྱི་ལས་རིམ་ཚུ་ ག་ཅི་རང་བརྩམས་ཏེ་ཡོད་ག་ཟེར་ དྲོ་བ་ཞུ་ནུག

འདི་ལུ་ སོ་ནམ་དང་ནགས་ཚལ་བློན་པོ་ ཡེ་ཤེས་དཔལ་འབྱོར་གྱིས་བཀོད་མི་ནང་ ལོ་༥འི་འཆར་གཞི་༡༢པའི་ནང་ལུ་ ཚལ་ལུ་གི་ཐོན་སྐྱེད་ཚུ་ ཡར་དྲགས་བཏང་ནི་གི་དོན་ལུ་ དངུལ་ཀྲམ་ས་ཡ་༩༠༠ལྷགཔ་ཅིག་ བགོ་བཀྲམ་འབད་དེ་ཡོདཔ་སྦེ་ཨིན་མས།

འདི་ཡང་ རྒྱལ་ཁབ་ནང་ལུ་ ཚལ་ལུ་འདི་གིས་ མི་སེར་སོ་ནམ་པ་ཚུ་ལུ་ འཚོ་བ་སྐྱོང་ནི་ལས་ལྷག་སྟེ་ འོང་འབབ་བཟོ་ནི་གི་གོ་སྐབས་ཚུ་ཡང་ ཐོབ་སྟོ་ཡོད་རུང་ འདས་པའི་ལོ་ཚུ་གི་ནང་ལས་ ཚལ་ལུ་ཤིང་ཚུ་སའི་ཊསི་གྷིར་ནིང་ཟེར་མི་ ནད་གཞི་ཚུ་གིས་ གནོད་པ་རྐྱབ་སྟེ་ ཡོད་མི་ལུ་བརྟེན་ཏེ་ཨིན་མས།

འདི་འབདཝ་ལས་ སྤྱི་ཚོགས་ཀྱི་འཐུས་མི་ཚུ་གིས་ གནད་དོན་འདི་གི་སྐོར་ལས་ ཁོང་རའི་ཚ་གྱང་ཚུ་ཞུ་སྟེ་ཡོདཔ་ད་ འཐུས་མི་མང་ཤོས་ཅིག་གིས་ཞུ་མི་ནང་ དཀའ་ངལ་འདི་ངོས་འཛིན་འབད་དེ་ དུས་ཡུན་ལེ་ཤ་སོང་སྟེ་ཡོདཔ་ལས་ འབད་དགོཔ་ལེ་ཤ་ཅིག་རང་འདུག་ཟེར་ཨིན་མས།

འདི་བཟུམ་སྦེ་ པཱན་སྦང་གི་སྤྱི་ཚོགས་ཀྱི་འཐུས་མི་ རྡོ་རྗེ་དབང་འདི་གིས་བཀོད་མི་ནང་ འདི་བཟུམ་གྱི་ དཀའ་ངལ་ཚུ་སེལ་ནི་གི་དོན་ལས་ མི་སེར་དང་མཁས་པ་༢་ཆ་ར་གིས་རང་ མཉམ་འབྲེལ་འབད་དེ་ ལཱ་འབད་དགོཔ་འདུག་ཟེར་ཨིན་མས།

ད་རུང་ སོ་ནམ་བློན་པོ་ ཡེ་ཤེས་དཔལ་འབྱོར་གིས་ཞུ་མི་ནང་ ལོ་༥འི་འཆར་གཞི་༡༢པའི་ནང་ལུ་ ཚལ་ལུ་ཤིང་ཚུ་ འཛིན་སྐྱོང་ལེགས་ཤོམ་མེད་མི་དང་ འབུཔ་གིས་གནོད་སྐྱོན་རྐྱབ་མི་ དེ་ལས་ ཆུ་མ་ལང་པའི་དཀའ་ངལ་ཡོད་མི་ཚུ་ སེལ་ཐབས་སྒྲིག་འོང་ཟེར་ཨིན་མས།

སྤྱི་ལོ་༢༠༡༧ལུ་ ཚལ་ལུའི་ཐོན་ཤུགས་འདི་ མེ་ཀྲིག་ཀྲཱོན་སྟོང་ཕྲག་༢༨བསྡུ་ཡོདཔ་ད་ ལོ་༥འཆར་གཞི་༡༢པའི་ནང་ལུ་ ཐོན་ཤུགས་འདི་ ལོག་ལྟབ་ལྷགཔ་ཅིག་བཏོན་ཚུགས་པའི་ འཆར་གཞི་ཡོདཔ་ཨིན་མས།