གཟའ་ཕུར་བུ། ༢༠༡༩ ཟླ་༦ པའི་སྤྱི་ཚེས་༢༦

སྨྱོ་རྫས་ནག་ཚོང་འཐབ་མི་གི་གནད་དོན་ཚུ་ གདོང་ལེན་འབད་ཐབས་ལུ་ སྦྱོང་བརྡར་ལས་རིམ།

སྤྱི་ཟླ་༡ པའི་ཚེས་ ༩ ༢༠༡༩

༉ འབྲུག་སྨྱོ་རྫས་བཀག་འཛིན་དབང་འཛིན་དང་ ཁྲིམས་སྲུང་འགག་སྡེ་གིས་བཀོད་མི་ནང་ རྒྱལ་ཁབ་ནང་ལུ་ སྨྱོ་རྫས་ནག་ཚོང་འཐབ་མི་ཚུ་ ཡར་སེང་འགྱོ་མི་འདི་ ཚ་གྱང་ཆེ་བའི་གནད་དོན་ཅིག་ལུ་ འགྱུར་ཏེ་ཡོད་སྦེ་ཨིན་མས།

འདི་ཡང་ ཁྲིམས་སྲུང་འགག་པའི་སྙན་ཞུ་དང་འཁྲིལཔ་ད་ ན་ཧིང་ སྨྱོ་རྫས་ནག་ཚོང་འཐབ་མི་ནང་འབྲེལ་བ་ཡོད་མི་ལུ་བརྟེན་ མི་༡༢༠༠མ་ལངམ་ཅིག་ བདའ་ཟུན་ཡོདཔ་ཨིན་མས།

འདི་བཟུམ་སྦེ་ ཁྲིམས་སྲུང་འགག་པ་གིས་ སྤྱི་ལོ་༢༠༡༧ལུ་ཡང་ སྨྱོ་རྫས་དང་འབྲེལ་བའི་གནད་དོན་ལུ་བརྟེན་ཏེ་ མི་སྟོང་༡ལྷགཔ་ཅིག་བཟུང་ཡོདཔ་ད་ འདི་གི་གྲལ་ལས་ མཐོ་ཤོས་ར་ ཐིམ་ཕུག་དང་ འདི་གི་འོག་ལས་རང་ ཆུ་ཁ་དང་གསར་སྤང་རྫོང་ཁག་ཚུ་ནང་ལས་ བཟུང་ཡོདཔ་སྦེ་ ཐོ་བཀོད་འབད་དེ་འདུག

འདི་འབདཝ་ལས་ གནད་དོན་འདི་ལུ་ གདོང་ལེན་འབད་ནི་གི་དོན་ལས་ འབྲུག་སྨྱོ་རྫས་བཀག་འཛིན་དབང་འཛིན་གྱིས་ ལྷོ་ཕྱོགས་དང་ནུབ་ཕྱོགས་རྫོང་ཁག་ཚུ་ནང་ལས་ ཁྲིམས་སྲུང་འགོ་དཔོན་༡༥ལྷགཔ་ཅིག་ལུ་ ཏམ་ཁུའི་ཐོན་སྐྱེད་དང་ སྨྱོ་རྫས་དང་འབྲེལ་བའི་ཁྲིམས་ལུགས་ཚུ་ འཇོན་ཐངས་ཅན་དང་ ལྕོག་གཅིགཔ་སྦེ་ ལག་ལེན་འཐབ་ཚུགས་ནི་གི་དོན་ལུ་ སྦྱོང་བརྡར་ཚུ་ བྱིན་པའི་བསྒང་རང་འདུག

འདི་ཡང་ འབྲུག་སྨྱོ་རྫས་བཀག་འཛིན་དབང་འཛིན་ ལས་རིམ་གཙོ་འཛིན་འགོ་དཔོན་འོགམ་ འཆི་མེད་རྡོ་རྗེ་གིས་སླབ་མི་ནང་ འབྲུག་གི་སྨྱོ་རྫས་དང་སེམས་ཁམས་འཁྲུགས་རྫས་ རྫས་རིགས་ལོག་སྤྱོད་ཀྱི་བཅའ་ཁྲིམས་དང་ འབྲུག་གི་ཏམ་ཁུ་དམ་འཛིན་བཅའ་ཁྲིམས་འདི་ རྒྱལ་གཞུང་འབྲུག་གི་འགག་སྡེ་གིས་ ལག་ལེན་འཐབ་དོ་ཡོདཔ་ལས་ དམིགས་བསལ་གྱིས་ར་ ཁྲིམས་སྲུང་ཆ་འོག་མགོ་བདག་ཚུ་ལུ་ སྦྱོང་བརྡར་བྱིན་དོ་ཡོདཔ་སྦེ་བཤད་ཅི།

འདི་གིས་ ཁྲིམས་ལུགས་ཚུ་ལག་ལེན་འཐབ་པའི་སྐབས་ གོ་བ་དང་དམིགས་དོན་ཚུ་ ལེགས་ཤོམ་སྦེ་ ལག་ལེན་འཐབ་ཚུགས་པའི་ དམིགས་གཏད་བསྐྱེདཔ་ཨིན་མས།

འདི་བཟུམ་སྦེ་ ཁྲིམས་སྲུང་འགག་པ་ཚུ་གིས་ སྨྱོ་རྫས་ཀྱི་རིགས་ཚུ་ངོས་འཛིན་འབད་ནི་ནང་ ཁོང་རའི་ཤེས་ཡོན་དང་རིག་རྩལ་ཚུ་ ཡར་དྲགས་བཏང་ནི་དང་ སྨྱོ་རྫས་ནག་ཚོང་འཐབ་མི་གི་གནད་དོན་ཚུ་གི་སྐོར་ལས་ ཤེས་དགོཔ་ཁག་ཆེཝ་སྦེ་རང་ འཐོན་ཏེ་ཡོདཔ་སྦེ་བཤད་ཅི།