གཟའ་སྤེན་པ། ༢༠༡༩ ཟླ་༩ པའི་སྤྱི་ཚེས་༢༠

འབྲུག་ཀུན་མཉམ་ཚོགས་པའི་གཙོ་འཛིན་གྱིས་ དགོངས་ཞུའི་ཡི་གུ་བཙུགས་ཏེ་ཡོདཔ།

སྤྱི་ཟླ་༡༡ པའི་ཚེས་ ༦ ༢༠༡༨

༉ འབྲུག་ཀུན་མཉམ་ཚོགས་པའི་གཙོ་འཛིན་ དྲག་ཤོས་ གནས་བརྟན་བཟང་མོ་གིས་ ཚོགས་པའི་ཡིག་ཚང་ནང་ལུ་ མོ་ར་ ཚོགས་པའི་གཙོ་འཛིན་གྱི་གོ་གནས་ལས་ དགོངས་ཞུ་འབད་ནི་སྦེ་ ཡི་གུ་བཙུགས་ཏེ་ཡོདཔ་ཨིན་མས།

ཚོགས་པའི་མི་སྡེ་བརྡ་བརྒྱུད་ ཕེས་བུག་ནང་ལུ་ དྲག་ཤོས་ གནས་བརྟན་བཟངམོ་གི་ དགོངས་ཞུའི་ཡི་གུ་བཙུགས་མི་དང་འཁྲིལ་པ་ཅིན་ སྤྱི་ཚོགས་༣ པའི་ རྒྱལ་ཡོངས་ཚོགས་འདུའི་ འགོ་ཐོག་བཙག་འཐུ་ནང་ལུ་ འབྲུག་ཀུན་མཉམ་ཚོགས་པ་ བཙག་འཐུ་མ་གྲུབ་མི་གི་ཐད་ཁར་ འགན་འཁྲི་ཧྲིལ་བུམ་ མོ་རང་རྐྱངམ་ཅིག་ལུ་ཕོག་ཟེར་ བཀོད་དེ་འདུག

ད་རུང་ དྲག་ཤོས་གནས་བརྟན་བཟངམོ་གིས་ མོ་ར་ ཚོགས་པའི་གཙོ་འཛིན་ནང་ལས་ དགོངས་ཞུ་འབད་དགོ་མི་འདི་ཡང་ ཚོགས་པའི་གཙོ་འཛིན་གྱི་འགན་ཁུར་འདི་ ལེགས་ཤོམ་སྦེ་རང་ ཧ་གོ་སྟེ་ཡོདཔ་མ་ཚད་ མོ་རང་ངོ་རྐྱང་ལས་ ཚོགས་པའི་གཞི་རྩ་དང་ལྟ་བ་འདི་ ཁག་ཆེཝ་ཨིན་མི་ལུ་བརྟེན་ཏེ་ཨིན་ཟེར་ བཀོད་དེ་འདུག

འདི་ཡང་ དུས་ཅི་ སྤྱི་ཟླ་༩ པའི་སྤྱི་ཚེས་༡༥ ལུ་ འགོ་ཐོག་བཙག་འཐུའི་སྐབས་ལུ་ འབྲུག་ཀུན་མཉམ་ཚོགས་པ་གིས་ ཚོགས་རྒྱན་ཡོངས་བསྡོམས་ལས་ བརྒྱ་༩དང་ཚག་༧༨ ལས་ ཐོབ་མ་ཚུགས་པར་ཡོདཔ་དང་ ཚོགས་པ་འདི་གིས་ འདེམས་ཁོངས་༤༧ ནང་ལས་ འདེམས་ཁྲི་གཅིག་གི་ནང་ལས་ཡང་ རྒྱལ་ཁ་ཐོབ་མ་ཚུགསཔ་ཨིན་མས།

ད་རུང་ དྲག་ཤོས་ གནས་བརྟན་བཟངམོ་གིས་ ཚོགས་པའི་ཧོང་ལས་ མོ་རའི་འདེམས་ཁོངས་ བདེ་བ་ཐང་སྒོམ་དར་ལས་ རྒྱབ་སྐྱོར་སྦོམ་སྦེ་རང་ཡོད་མི་ འདམ་ངོ་སོ་སོ་ བཏོན་ནི་གི་ དང་འདོད་ཡོད་པ་ཅིན་ མོ་ར་ འདམ་ངོ་ལས་ དགུངས་ཞུ་འབད་ཆོགཔ་སྦེ་ཡོད་ཟེར་ཨིན་མས།

དྲག་ཤོས་ གནས་བརྟན་བཟངམོ་འདི་ ཚོགས་པ་འདི་ནང་འཛུལ་ཏེ་ ཉིནམ་གསུམ་སོང་པའི་ཤུལ་མ་ ན་ཧི་སྤྱི་ཟླ་༥པའི་ སྤྱི་ཚེས་༢༩ ལུ་ འབྲུག་ཀུན་མཉམ་ཚོགས་པའི་གཙོ་འཛིན་སྦེ་ བཙག་འཐུ་གྲུབ་སྟེ་ཡོདཔ་ཨིན།

དྲག་ཤོས་ཀྱིས་ ཚོགས་པ་འདི་ནང་ལུ་ འཛུལ་དགོ་མི་འདི་ཡང་ ཚོགས་པའི་འགོ་ཁྲིདཔ་འདི་ལུ་ ཡིད་ཆེས་དང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ དམངས་གཙོའི་རིང་ལུགས་ སྒྲིང་སྒྲིང་དང་ རྩ་གཏན་བཟོ་ནི་གི་ཐུགས་ཀྱི་དགོངས་དོན་གྲུབ་ཚུགས་པའི་ ཚོགས་པའི་གཞི་རྩ་ཚུ་ལུ་བལྟ་སྟེ་ཨིནམ་སྦེ་བཤད་ནུག

འབྲུག་ཀུན་མཉམ་ཚོགས་པ་གིས་ ད་ལྟོ་ དགོངས་ཞུའི་ཡི་གུ་འདི་ ངོས་ལེན་འབད་ནི་ཨིན་ན་དང་ མེན་ན་གི་སྐོར་ལས་ ག་ནི་ཡང་སླབ་མ་བཏུབ་ཨིན།