གཟའ་མིག་དམར། ༢༠༡༩ ཟླ་༡༠ པའི་སྤྱི་ཚེས་༢༡

སྟང་སློབ་གྲྭ་ལྟེ་བའི་སློབ་དཔོན་ཚུ་གིས་ ལྕངམ་མཁར་ལུ་ ཚོད་བསྲེ་ཚུ་བཙོང་ནི་འགོ་བཙུགས་ཏེ་ཡོདཔ།

སྤྱི་ཟླ་༡༠ པའི་ཚེས་ ༣༠ ༢༠༡༨

༉ བུམ་ཐང་རྫོང་ཁག་ ལྕངམ་མཁར་ཁྲོམ་ཁ་ལུ་ཡོད་པའི་ ཚོད་བསྲེ་ཁྲོམ་ཁ་ལུ་ དུས་རྒྱུན་གྱི་ཚོད་བསྲེ་བཙོང་མི་ཚུ་དང་གཅིག་ཁར་ ད་རེས་ སྟང་སློབ་གྲྭ་ལྟེ་བའི་སློབ་དཔོན་ཚུ་གིས་ཡང་ ཚོད་བསྲེ་ཚུ་བཙོང་ནི་འགོ་བཙུགས་ཏེ་འདུག

ཁོང་ཆ་ཁྱབ་ཀྱིས་ ཚོད་བསྲེ་ཚུ་ཡང་ ཁེ་ཏོག་ཏོ་སྦེ་བཙོང་དོ་ཡོདཔ་ལས་ ཚོད་བསྲེ་ཉོ་མི་ཡང་ ལེ་ཤ་སྦེ་འོང་དོ་ཡོདཔ་ཨིན་མས།

ཁོང་ཆ་ཁྱབ་ཀྱིས་ ཚོད་བསྲེ་ཚུ་ཡང་ ད་རེས་འགོ་དང་པ་བཙོང་དོ་ཡོདཔ་ད་ ཁོང་རའི་ཐོན་སྐྱེད་ཚུ་ ག་ར་ སློབ་གྲྭའི་སོ་ནམ་ལས་རིམ་གྱི་ཐོན་སྐྱེད་ཚུ་ཨིན་མས།

ཁོང་སློབ་དཔོན་ཚུ་གིས་སླབ་མི་ནང་ ད་རེས་ ཆ་ཁྱབ་ཀྱིས་ འདི་བཟུམ་གྱི་ཚོད་བསྲེ་བཙོང་མི་འདི་ཡང་ མི་སྡེའི་ནང་ལས་ཕར་ ནང་འཁོད་ལས་ཐོན་པའི་ཚོད་བསྲེ་གི་ལཱ་འབད་ནི་དང་ སྨན་རྫས་མེད་པའི་ཚོད་བསྲེ་ཚུ་ཉོ་ནི་ནང་ སེམས་ཤུགས་བསྐྱེད་བཅུག་ནི་གི་དོན་ལུ་ཨིན་ཟེར་བཤད་ཅི།

འདི་བཟུམ་སྦེ་ སློབ་གྲྭ་འདི་གིས་ ན་གཞོན་ཚུ་ལུ་ འཚོ་བ་སྐྱོང་ནི་གི་དོན་ལས་ སོ་ནམ་དང་འབྲེལ་བའི་ལཱ་འབད་ནི་ནང་ལུ་ཡང་ སེམས་ཤུགས་བྱིན་ནི་གི་ རྩིས་རྐྱབ་དོ་ཡོདཔ་སྦེ་ཨིན་མས།

 ད་རུང་ སྟང་སློབ་གྲྭ་ལྟེ་བ་འདི་གིས་ ལོ་བསྟར་སོ་ནམ་ལས་རིམ་གྱི་འགྲན་བསྡུར་ནང་ལས་ འབྲིང་རིམ་སློབ་གྲྭ་བར་མའི་དབྱེ་ཁག་ནང་ལུ་ ཨང་༣པ་འཐོན་ཏེ་འདུག

ད་རེས་ སློབ་གྲྭ་འདི་ནང་ལུ་ ཚོད་བསྲེ་གི་ལཱ་འབད་ནིའི་དོན་ལུ་ ས་ཆ་ཨེ་ཀར་༡དེ་ཅིག་ཡོདཔ་མ་ཚད་ ཕགཔ་གསོ་སྐྱོང་འབད་ནི་གི་ ལས་རིམ་ཚུ་ཡང་ཡོདཔ་ཨིན་མས།

འཐུས་མི་༣༥ཡོད་པའི་ སློབ་གྲྭའི་སོ་ནམ་ལས་རིམ་གྱི་ཚོགས་ཕྲན་འདི་གིས་ སློབ་གྲྭ་འདི་ནང་ལུ་ ཚོད་བསྲེ་ཚུ་ མ་ལང་ལངམ་སྦེ་རང་བཏོན་ནི་གི་ དམིགས་གཏད་བསྐྱེད་དེ་འདུག