ཤེས་རབ་རྩེ་མཐོ་རིམ་སློབ་གྲྭའི་སློབ་ཕྲུག་ཚུ་གིས་ མི་སེར་སོ་ནམ་པ་ཚུ་ལུ་ བྱཱ་ལཱ་རྐྱབ་ནི་ནང་ ཆ་རོགས་འབད་དོ་ཡོདཔ།
སྤྱི་ཟླ་༡༠ པའི་ཚེས་ ༣༠ ༢༠༡༨
༉ བཀྲིས་སྒང་ བཀང་ལུང་ལུ་ཡོད་པའི་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭའི་སློབ་ཕྲུག་ཚུ་གིས་ ས་གནས་འདི་ནང་གི་མི་སེར་སོ་ནམ་པ་ཚུ་ ལྕང་ལཱ་རྐྱབ་ནི་དང་བྱཱ་བསྡུ་ནི་གི་དུས་ཚོད་ཁར་ ཆ་རོགས་ཚུ་འབད་དེ་རང་ཡོདཔ་ཨིན་མས།
འདི་བཟུམ་སྦེ་ ད་རེས་ཡང་ མཐོ་རིམ་སློབ་གྲྭ་འདི་ནང་ལས་ སློབ་ཕྲུག་༤༠ལྷགཔ་ཅིག་གིས་ བཀྲ་ཤིས་སྒང་རྫོང་ཁག་འོག་གི་ བཀང་ལུང་རྒེད་འོག་ནང་ལུ་ཡོད་པའི་ ཁྲ་སྒོམ་གཡུས་ཚན་ནང་ལུ་ བྱཱ་བརྔ་ནི་ནང་ ཆ་རོགས་ཚུ་འབད་བའི་བསྒང་ར་འདུག
ད་རེས་ གཡུས་ཚན་འདི་ནང་ལུ་ བྱཱ་བསྡུ་ནི་གི་ལཱ་ཚུ་ འབད་བའི་བསྒང་ཡོད་མི་དང་འབྲེལ་ ལཱཔ་མ་ཐོབ་པའི་དཀའ་ངལ་འདི་ སྦོམ་སྦེ་རང་འཐོན་ཏེ་ཡོདཔ་ཨིན་རུང་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭའི་སློབ་ཕྲུག་ཚུ་གིས་ རྒྱབ་སྐྱོར་ཚུ་འབད་དོ་ཡོདཔ་ལས་ ལཱཔ་མ་ཐོབ་པའི་དཀའ་ངལ་འདི་ སེལ་ཚུགས་ཏེ་ཡོདཔ་ཨིན་མས།
རྒྱལ་ཁབ་ནང་ལུ་ གྲོང་གསེབ་གཡུས་ཁའི་མི་ཚུ་ ཁྲོམ་ཁར་ལས་ཕར་ གནས་སྤོ་སྟེ་འགྱོ་དོ་ཡོད་མི་ལུ་བརྟེན་ གཡུས་ཚན་ཚུ་ནང་ལས་ཕར་ ལཱཔ་མ་ཐོབ་པའི་གནད་དོན་འདི་ ཁྱབ་ཆེཝ་སྦེ་རང་འཐོན་ཏེ་འདུག
འདི་བཟུམ་སྦེ་ གཡུས་ཚན་ཚུ་ནང་ལས་ཕར་ ས་ཞིང་ཚུ་ཟ་སྤྱོད་མ་འབད་བར་ དེ་སྦེ་རང་བཞག་སར་ཡང་མཐོངམ་ཨིན་མས།
འདི་འབདཝ་ལས་ ཁོང་སློབ་ཕྲུག་ཚུ་གིས་ མི་སེར་སོ་ནམ་པ་ཚུ་ལུ་རྐྱངམ་ཅིག་ རྒྱབ་སྐྱོར་འབདཝ་མེན་པར་ རྒྱལ་ཡོངས་ཀྱི་དཀའ་ངལ་སེལ་ནི་ནང་ལུ་ཡང་ ལྷན་ཐབས་འབད་ཚུགས་ཏེ་འདུག
འདི་བཟུམ་གྱི་རྒྱབ་སྐྱོར་འབད་ནི་གི་ ལམ་ལུགས་ལས་བརྟེན་ཏེ་ མི་སེར་སོ་ནམ་པ་ཚུ་གིས་ ལྕང་ལཱ་ལེ་ཤ་སྦེ་རྐྱབ་ནི་ནང་ལུ་ སེམས་ཤུགས་བྱིན་ཚུགས་ནི་བཟུམ་ཅིག་ཡོདཔ་ཨིན་མས།







རྒྱང་བསྒྲགས་དང་མཐུད་འབྲེལ།