གཟའ་མིག་དམར། ༢༠༡༩ ཟླ་༡༠ པའི་སྤྱི་ཚེས་༡༤

བདེ་སྲུང་སྦྱོང་བརྡར་གྱི་མ་དངུལ་ ལོག་སྤྱོད་འབད་མི་གསུམ་ལུ་འཁྲུན་ཆོད།

སྤྱི་ཟླ་༡༠ པའི་ཚེས་ ༢༩ ༢༠༡༨

༉ ཆེ་མཐོ་ཁྲིམས་ཀྱི་འདུན་ས་ལས་ བསྟན་སྲུང་དམག་སྡེའི་ འགོ་དཔོན་༢་དང་ དམག་སློབ་༡་ལུ་ བདེ་སྲུང་སྦྱོང་བརྡར་ལས་རིམ་གྱི་མ་དངུལ་ ལོག་སྤྱོད་འབད་མི་དང་འབྲེལ་བ་ཡོདཔ་སྦེ་ འཁྲུན་ཆོད་བཏོན་ཏེ་འདུག

འཁྲུན་ཆོད་དང་འཁྲིལཔ་ད་ ལིང་དཔོན་ བསོད་ནམས་ཚེ་རིང་ལུ་ བདེ་སྲུང་སྦྱོང་བརྡར་ལས་རིམ་ ཤོ་ཐེངས་༡༢་པ་དང་༢༡་པའི་ནང་ལས་ མ་དངུལ་འབུམ་༣་དང་སྟོང་ཕྲག་༧༧ལྷགཔ་ཅིག་ ལོག་སྤྱོད་འབད་ཡོད་པའི་ཉེས་པ་ལུ་བརྟེན་ ལོ་༡་དང་ཟླཝ༤་གི་ བཙོན་ཁྲིམས་ཕོག་ཟེར་བཀོད་དེ་འདུག

དམག་སྡེའི་ཁྲིམས་ཀྱི་འདུན་ས་ལས་ ཧེ་མ་ ཉེས་ཅན་འདི་ལུ་ ལོ་༣་གྱི་བཙོན་ཁྲིམས་བཀལ་ཡོདཔ་མ་ཚད་ ཐོབ་ཐངས་ག་ནི་ཡང་མེད་པར་ གཡོག་ནང་ལས་ དགོངས་ཞུ་བཏང་སྟེ་ཡོདཔ་ཨིན།

འདི་བཟུམ་སྦེ་ དམག་སློབ་སྤེལ་རྒྱབ་ སྟང་ཀ་གིས་ བདེ་སྲུང་སྦྱོང་བརྡར་ལས་རིམ་ ཤོ་ཐེངས་༢༡་པའི་སྐབས་ལུ་ མ་དངུལ་སྟོང་ཕྲག་༧༤ལྷགཔ་ཅིག་ ལོག་སྤྱོད་འབད་དེ་ཡོད་མི་ལུ་ ལོ་༡་གི་བཙོན་ཁྲིམས་བཀལ་ནུག

དེ་ལས་ ལིང་དཔོན་ ཚེ་རིང་སྟོབས་རྒྱས་ཀྱིས་ བདེ་སྲུང་སྦྱོང་བརྡར་ལས་རིམ་ ཤོ་ཐེངས་༡༥་པའི་ནང་ལས་ མ་དངུལ་འབུམ་༤་དང་སྟོང་ཕྲག་༢༤་ལྷགཔ་ཅིག་ ལོག་སྤྱོད་འབད་དེ་ཡོདཔ་མི་ལས་བརྟེན་ཏེ་ ལོ་༡་དང་ཟླཝ་༧་གྱི་ བཙོན་ཁྲིམས་བཀལ་ཏེ་འདུག

འདི་བཟུམ་སྦེ་ ཉེས་ཅན་ ལིང་དཔོན་ ཚེ་རིང་སྟོབས་རྒྱས་ལུ་ ཧེ་མ་ དམག་སྡེའི་ཁྲིམས་ཀྱི་འདུན་ས་ལས་ བཙོན་ཁྲིམས་བཀལ་ཡོདཔ་མ་ཚད་ ཐོབ་ལམ་ག་ནི་ཡང་མེད་པར་ གཡོག་ནང་ལས་ དགོངས་ཞུ་བཏང་སྟེ་ཡོདཔ་ཨིན།

ད་རུང་ འཁྲུན་ཆོད་དང་འཁྲིལཔ་ད་ ཁོང་ཉེས་ཅན་ཚུ་ལུ་ བསྟན་སྲུང་དམག་སྡེའི་བདག་སྐྱོང་གི་དང་ལེན་ཚུ་ དམག་སྡེའི་སྒྲིག་གཞི་དང་འཁྲིལ་ཏེ་ འབད་དགོཔ་སྦེ་བཀོད་དེ་འདུག

བདེ་སྲུང་སྦྱོང་བརྡར་གྱི་མ་དངུལ་ ལོག་སྤྱོད་འབད་དེ་ཡོད་པའི་ ཁ་ཉེས་ཕོག་མི་ ལིང་དཔོན་ རྡོ་རྗེ་ཀྲི་དང་ སྤེལ་དཔོན་ དཀར་སངས་ལུ་ མ་དངུལ་ལོག་སྤྱོད་འབད་ཡོད་པའི་ སྒྲུབ་བྱེད་དང་ རྒྱབ་ཁུངས་གསལ་ཏོག་ཏོ་སྦེ་ བཀལ་ནི་མེད་མི་ལུ་བརྟེན་ཏེ་ ཉེས་གྲོལ་བཏང་ནུག

ཧེ་མ་འབད་བ་ཅིན་ ཁོང་༢་ལུ་ དམག་སྡེའི་ཁྲིམས་ཀྱི་འདུན་ས་ལས་ ཟླཝ་༤་ལས་ལོ་༡་ལྷགཔ་ཅིག་གི་ བཙོན་ཁྲིམས་བཀལ་ཡོདཔ་མ་ཚད་ ཐོབ་ལམ་ག་ནི་ཡང་མེད་པར་ གཡོག་ནང་ལས་ དགོངས་ཞུ་བཏང་སྟེ་ཡོདཔ་ཨིན།

བདེ་སྲུང་སྦྱོང་བརྡར་གྱི་མ་དངུལ་ ལོག་སྤྱོད་འབད་བའི་གནད་དོན་དང་ འབྲེལ་བ་ཡོད་པའི་ ཚོང་པ་༧་གྱི་ཐད་ཁར་ ཆེ་མཐོ་ཁྲིམས་ཀྱི་འདུན་ས་ལས་ དམག་སྡེའི་ཁྲིམས་ཀྱི་འདུན་ས་ལས་གནང་མི་ འཁྲུན་ཆོད་འདི་ལུ་ འགྱུར་བ་ག་ནི་ཡང་མེད་པར་ ངོས་ལེན་འབད་དགོ་ཟེར་ བཀོད་དེ་ཡོདཔ་ཨིན།