གཟའ་མིག་དམར། ༢༠༡༩ ཟླ་༨ པའི་སྤྱི་ཚེས་༡༩

མགར་ས་གསོལ་ཆུ་གི་ཚོང་ལཱ་འདི་ རྫོང་ཁག་བདག་སྐྱོང་གིས་ མི་སེར་ཚུ་ལུ་ རྩིས་སྤྲོད་ཡོདཔ།

སྤྱི་ཟླ་༡༠ པའི་ཚེས་ ༡༢ ༢༠༡༨

༉ མགར་ས་རྫོང་ཁག་བདག་སྐྱོང་གིས་ མགར་ས་གསོལ་ཆུ་ཟེར་མི་ ཆུ་བཏོན་ནི་གི་ཚོང་ལཱ་འདི་ མི་སེར་ཚུ་ལུ་ རྩིས་སྤྲོད་མི་དང་འབྲེལ་ ཚོང་ལཱ་དེའི་འཛིན་སྐྱོང་གི་ནང་ལུ་ རྫོང་ཁག་བདག་སྐྱོང་གིས་ ལགཔ་མི་རྐྱབ་ནི་ཨིན་མས།

ཨིན་རུང་ རྫོང་ཁག་བདག་སྐྱོང་གི་ཁ་ཐུག་ལས་ ཁྱད་རིག་དང་ གཞན་མི་དགོས་མཁོ་ཆེ་བའི་རྒྱབ་སྐྱོར་ཚུ་ བྱིན་ནི་སྦེ་འདུག

ཚོང་ལཱ་འདི་ཡང་ མགར་ས་རྫོང་ཁག་འདི་ ལེགས་ཤོམ་ལས་དྲགཔ་བཟོ་ནི་ཟེར་བའི་ འཆར་སྣང་ཡོད་མི་དང་འཁྲིལ་ཏེ་ ན་ཧིང་ སྤྱི་ཟླ་༨པའི་ནང་ལུ་ འགོ་བཙུགས་ཡོདཔ་ད་ ལས་འགུལ་འདི་ཡང་ འཆར་སྣང་འདི་གི་འོག་ལུ་ འགོ་དང་པ་ཅིག་ཨིན་མས།

མགར་ས་རྫོང་བདག་ རྡོ་རྗེ་དགྲ་འདུལ་གྱིས་སླབ་མི་ནང་ ད་རེས་ཀྱི་ལས་འགུལ་འདི་ མི་སེར་གྱི་ཚོང་ལཱ་ཅིག་འབདཝ་ལས་ ལས་སྡེ་འདི་གིས་ ད་རེས་བ་ཡང་ལྷགཔ་སྦེ་ ལེགས་ཤོམ་འགྱོ་ཚུགས་པའི་ རེ་བ་ཡོད་ཟེར་བཤད་ཅི།

འདི་ཡང་ ཁོ་གིས་བཀོད་མི་ནང་ ད་ལྟོ་ཚུན་ཚོད་ ལས་འགུལ་འདི་གིས་ འོང་འབབ་དངུལ་ཀྲམ་ས་ཡ་༡༠དེ་ཅིག་ བཟོ་ཚུགས་ཏེ་ཡོདཔ་ལས་ མ་འོངས་པའི་ནང་ལུ་ དངུལ་ཀྲམ་ས་ཡ་བརྒྱ་ལས་ལྷག་སྟེ་ ཁེབ་ས་བཟོ་ཚུགས་ནི་གི་ འོས་འབབ་ཡོད་ཟེར་ཨིན་མས།

ལས་སྡེ་འདི་གི་བགོ་བཤའ་ སྟོང་ཕྲག་༦༤འབད་མི་འདི་ མགར་ས་རྫོང་ཁག་འོག་གི་ རྒེད་འོག་བཞི་གི་ཁྱིམ་གུང་ཡུདཔ་ཅིག་༦༠༠དེ་ཅིག་ལུ་ གསོལ་རས་སྦེ་ བགོ་བཀྲམ་འབད་ཡོདཔ་ད་ བགོ་བཤའ་རེ་གི་གོང་ཚད་འདི་ དངུལ་ཀྲམ་བརྒྱ་རེ་གི་རྩིས་ཨིན་མས།

ཚོང་ལཱ་འདི་ཡང་ བགོ་བཤའ་མང་སུ་ཅིག་སྦེ་འཆང་མི་དང་ ལས་སྡེ་འདིའི་གཙོ་འཛིན་གྱིས་སྦེ་ བལྟ་ནི་གི་ལས་རིམ་ཡོདཔ་ཨིན་མས།

རྫོང་ཁག་འདི་ནང་གི་མི་སེར་ཚུ་གིས་ ལས་སྡེ་འདི་གི་ཁེབ་ས་འདི་ ལོ་དག་པ་ཅིག་གི་ཤུལ་ལས་རང་ ཐོབ་ཚུགས་པའི་རེ་བ་བསྐྱེད་དེ་འདུག