གཟའ་ཟླ་བ། ༢༠༡༩ ཟླ་༡༢ པའི་སྤྱི་ཚེས་༡༥

ཧ་ཟས་ཤིང་ཚུ་ རྡོག་མ་བཏགས་ནི་གི་དོན་ལས་ ཤིང་མཐུད་ནི་གི་ཐབས་ལམ།

སྤྱི་ཟླ་༩ པའི་ཚེས་ ༦ ༢༠༡༨

༉ ཧ་ཟས་རྡོག་མ་ ལེགས་ཤོམ་སྦེ་བཏགས་ནི་ནང་ ལྷན་ཐབས་འབྱུང་ནི་གི་དོན་ལུ་ ད་རེས་ནངས་པར་ མོ་ཤིང་གུ་ ཕོ་ཤིང་མཐུད་ཞིན་ན་བཞག་ནི་གི་ ཐབས་ཤེས་ཅིག་བཏོན་ཏེ་འདུག

འདི་ཡང་ ཧ་ཟས་ཤིང་གི་ལཱ་འབད་མི་ཚུ་ལུ་ ད་རེས་ རྡོག་མ་ཚུ་ དུས་ཚོད་ཁར་ བཏགས་མ་བཏུབ་པའི་ གདོང་ལེན་ཚུ་ འབྱུང་དོ་ཡོད་མི་ལུ་ བརྟེན་ཏེ་ཨིན་མས།

མ་གཞི་ ཧ་ཟས་ཤིང་ཚུ་ བཙུགས་ཞིནམ་ལས་ ལོ་༣་དང་༤འགྱོ་ཤུལ་ལུ་ རྡོག་མ་ཚུ་བཏགས་ནི་ འགོ་བཙུགས་དོ་ཡོདཔ་ཨིན་རུང་ ད་རེས་ ཧ་ཟས་ཤིང་མང་ཤོས་ཅིག་རང་ སྦོམ་འགྱོ་ཚར་ཏེ་ཡོད་རུང་ རྡོག་མ་བཏགས་ནི་ར་ མེདཔ་ཨིན་མས།

ཨིན་རུང་ མི་སེར་ཚུ་གིས་སླབ་མི་ནང་ ད་རེས་ གངས་རི་ཧ་ཟས་ལས་འགུལ་གྱི་ཁ་ཐུག་ལས་ ཤིང་མཐུད་ནི་གི་ཐབས་ཤེས་ཅིག་ འགོ་བཙུགས་ཏེ་ཡོདཔ་ལས་ ད་ལས་ཕར་ རྡོག་མ་ལེ་ཤ་སྦེ་ བཏགས་འོང་མནོ་བའི་ རེ་བ་ཡོདཔ་སྦེ་བཤད་ཅི།

གངས་རི་ཧ་ཟས་ལས་འགུལ་གྱིས་ ཤིང་དེ་སྦེ་མཐུད་ནི་གི་ ཐབས་ལམ་གསརཔ་འདི་ ད་ལྟོ་ཚུན་ཚོད་ ཤར་ཕྱོགས་དང་ དབུས་ཕྱོགས་རྫོང་ཁག་ནང་ལུ་ ལག་ལེན་འཐབ་སྟེ་ཡོདཔ་ལས་ ཧ་ཟས་རྡོག་མ་བཏགས་མ་བཏུབ་པའི་ དཀའ་ངལ་འདི་ བསལ་ཚུགས་པའི་ རེ་བ་ཡོདཔ་སྦེ་ཨིན་མས།

གངས་རི་ཧ་ཟས་ལས་འགུལ་ནང་ལས་ ཞིབ་འཚོལ་དང་གོང་འཕེལ་འགོ་དཔོན་ བློ་གྲོས་ཀྱིས་སླབ་མི་ནང་ མོ་ཤིང་གུ་ ཕོ་ཤིང་མཐུད་ནི་གི་ ཐབས་ལམ་འདི་ལས་བརྟེན་ཏེ་ ཧ་ཟས་རྡོག་མ་བཏགས་ནི་ནང་ ཕན་ཐོགས་འབྱུང་འོང་ཟེར་བཤད་ཅི།

ཧ་ཟས་ཀྱི་ལཱ་འདི་ ད་རེས་ རྫོང་ཁག་༡༨ཀྱི་མི་སེར་སོ་ནམ་པ་ཚུ་གིས་ དངུལ་ཐོག་གི་ཐབས་ཤེས་གཞན་ཅིག་སྦེ་ འབད་དོ་ཡོདཔ་ཨིན་མས།