གཟའ་ཟླ་བ། ༢༠༡༩ ཟླ་༡༡ པའི་སྤྱི་ཚེས་༡༧

བསམ་གྲུབ་གླིང་འདེམས་ཁོངས་ནང་ལུ་ འཐུང་ཆུ་མ་ལང་པའི་ དཀའ་ངལ་འཐོན་ཏེ་ཡོདཔ།

སྤྱི་ཟླ་༨ པའི་ཚེས་ ༢༩ ༢༠༡༨

༉ དགེ་ལེགས་ཕུག་ཁྲོམ་སྡེ་འོག་གི་ བསམ་གྲུབ་གླིང་འདེམས་ཁོངས་ནང་ལུ་ དུས་ཅི་ ལོ་འགོ་བཙུགས་ཁམས་ཅིག་ལས་ གོང་འཕེལ་གྱི་ལས་སྣ་དང་བཟོ་བསྐྲུན་གྱི་ལཱ་ཚུ་ འགོ་བཙུགས་མི་ལུ་བརྟེན་ ས་གནས་འདི་ནང་ལུ་ འཐུང་ཆུ་མ་ལང་པའི་ དཀའ་ངལ་འཐོན་ཏེ་འདུག

འདི་ཡང་ བཟོ་བསྐྲུན་གྱི་ལཱ་ཚུ་ལས་བརྟེན་ཏེ་ འདེམས་ཁོངས་འདི་ནང་གི་ འཐུང་ཆུའི་བརྐ་ཚུ་ མེདཔ་བཏང་སྟེ་ ཡོད་ནི་འདི་གིས་ཨིན་མས།

གནད་དོན་འདི་གི་སྐོར་ལས་ འཕྲལ་ཁམས་ཅིག་ཁར་ འགོ་འདྲེན་འཐབ་སྟེ་ཡོད་མི་ ཁྲོམ་སྡེ་ཚོགས་སྡེ་ནང་ལུ་ བསམ་གྲུབ་གླིང་འདེམས་ཁོངས་ཀྱི་ཚོགས་པ་ དཀར་ཅུང་གིས་ཞུ་མི་ནང་ ཁྲོམ་སྡེའི་ཁ་ཐུག་ལས་ འཐུང་ཆུའི་དཀའ་ངལ་འདི་ འཕྲལ་མགྱོགས་རང་ སེལ་དགོཔ་འདུག་ཟེར་ཨིན་མས།

འདི་ལུ་ དགེ་ལེགས་ཕུག་ཁྲོམ་དཔོན་ཀྲི་ཀ་རམ་ཀཕ་ལེ་གིས་སླབ་མི་ནང་ ས་གནས་འདི་ནང་ལུ་ འཐུང་ཆུ་མ་ལང་པའི་དཀའ་ངལ་འདི་ཡང་ དགེ་ལེགས་ཕུག་འབྲིང་རིམ་སློབ་གྲྭ་བར་མ་འདི་ སྒོ་ཕྱི་པའི་ཤུལ་མ་ འཐོན་ནི་འགོ་བཙུགས་ཅི་ཟེར་ཨིནམ་ད་ འདི་ཡང་ འཐུང་ཆུ་འདི་ སློབ་གྲྭ་ལུ་ བགོ་བཤའ་རྐྱབ་དགོཔ་འཐོན་ནི་འདི་གིས་ ཨིན་ཟེར་བཤད་ཅི།

ཨིན་རུང་ ཁོ་གིས་བཀོད་མི་ནང་ འདེམས་ཁོངས་ག་རའི་ནང་ལུ་ ས་འོག་ལས་ཆུ་བཏོན་ནི་གི་ མཐུན་རྐྱེན་ཚུ་ བཙུགས་ཚར་ཏེ་ཡོད་མི་དང་འབྲེལ་ ད་རེས་ ཆུ་མཛོད་ཁང་རྐྱབ་ནི་གི་ ལཱ་ཚུ་འབད་བའི་བསྒང་རང་ཡོདཔ་ལས་ དཀའ་ངལ་འདི་ མགྱོགས་པ་རང་སེལ་ཚུགས་ཟེར་ཨིན་མས།

ཟད་འགྲོ་དངུལ་ཀྲམ་ས་ཡ་༢ལྷགཔ་ཅིག་གནས་པའི་ ས་འོག་ལས་ཆུ་བཏོན་ནི་གི་ལཱ་འདི་ཡང་ དགེ་ལེགས་ཕུག་ཁྲོམ་སྡེ་དང་ ཤེས་རིག་ལྷན་ཁག་གཉིས་མཉམ་འབྲེལ་འབད་དེ་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་མས།

ཁྱིམ་གུང་པ་༥༧དེ་ཅིག་ཡོད་པའི་ བསམ་གྲུབ་གླིང་འདེམས་ཁོངས་འདི་ཡང་ དགེ་ལེགས་ཕུག་ཁྲོམ་ཁ་ལས་ ཀི་ལོ་མི་ཊར་༢དེ་ཅིག་གི་ས་ཁར་ ཆགས་ཏེ་འདུག