གྲོས་དཔོན་སྤྱི་ཁྱབ་དང་གྲོས་དཔོན་ཚུ་གི་ནང་འཁོད་ལུ་ ལྷན་ཁག་ཚུ་བགོ་བཤའ་རྐྱབ་སྟེ་ཡོདཔ། - འབྲུག༌རྒྱང༌བསྒྲགས། | འབྲུག༌རྒྱང༌བསྒྲགས།
གཟའ་པ་སངས། ༢༠༡༨ ཟླ་༨ པའི་སྤྱི་ཚེས་༡༦

གྲོས་དཔོན་སྤྱི་ཁྱབ་དང་གྲོས་དཔོན་ཚུ་གི་ནང་འཁོད་ལུ་ ལྷན་ཁག་ཚུ་བགོ་བཤའ་རྐྱབ་སྟེ་ཡོདཔ།

སྤྱི་ཟླ་༨ པའི་ཚེས་ ༡༣ ༢༠༡༨

༉ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ གཟའ་པ་སངས་ཀྱི་ཚེས་ གནས་སྐབས་གཞུང་༢པའི་དོན་ལུ་ གྲོས་དཔོན་སྤྱི་ཁྱབ་དང་གྲོས་དཔོན་ཚུ་ བསྐོ་བཞག་གི་བཀའ་ཤོག་ གནང་སྟེ་ཡོདཔ་ཨིན།

ཁོང་གྲོས་དཔོན་སྤྱི་ཁྱབ་དང་གྲོས་དཔོན་ཚུ་གིས་ རྩ་ཁྲིམས་ཆེན་མོའི་དགོངས་དོན་ལྟར་ ད་ལས་ཕར་ གཞུང་གི་དུས་རྒྱུན་གྱི་བྱ་སྒོ་ཚུ་སྒྲུབ་ནི་ནང་ལུ་ ལྷན་ཁག་ཚུ་བདག་འཛིན་འབད་དེ་ ཕྱག་ཞུ་ནི་ཨིན་མས།

གནས་སྐབས་གཞུང་གི་ གྲོས་དཔོན་སྤྱི་ཁྱབ་ ཁྲིམས་སྤྱི་བློན་པོ་ ཚེ་རིང་དབང་ཕྱུག་གིས་ ཕྱི་འབྲེལ་ལྷན་ཁག་དང་ ནང་སྲིད་དང་སྲོལ་འཛིན་ལྷན་ཁག་གཉིས་ བདག་འཛིན་གནང་ནི་ཨིན་མས།

འདི་བཟུམ་སྦེ་ དཔལ་འབྲུག་ཞིབ་འཇུག་ལྟེ་བའི་གཙོ་འཛིན་ དྲག་ཤོས་ཀརྨ་ཨུ་ར་གིས་ དངུལ་རྩིས་ལྷན་ཁག་གི་གྲོས་དཔོན་སྦེ་ ཕྱག་ཞུ་ནི་ཨིན་མས།

དེ་ལས་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་སྤྱི་འཛིན་ དྲག་ཤོས་དཔལ་འབྱོར་གྱིས་ སོ་ནམ་དང་ནགས་ཚལ་ལྷན་ཁག་གི་གྲོས་དཔོན་སྦེ་ ཕྱག་ཞུ་ནི་ཨིན་མས།

འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་གི་ཁྲི་འཛིན་ དྲག་ཤོས་ཨོ་རྒྱན་ཚེ་དབང་གིས་ ཤེ་རིག་ལྷན་ཁག་འདི་ བདག་འཛིན་གནང་ནི་སྦེ་འདུག

འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱི་འཛིན་སྐྱོང་མདོ་ཆེན་ དྲག་ཤོས་ཚེ་དབང་རིག་འཛིན་གྱིས་ ཞབས་ཏོག་ལྷན་ཁག་གི་གྲོས་དཔོན་སྦེ་ ཕྱག་ཞུ་ནི་ཨིན་མས།

འདི་བཟུམ་སྦེ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཁྲི་འཛིན་ དྲག་ཤོས་ཀརྨ་ཚུལ་ཁྲིམས་གྱིས་ བསྟན་རྒྱས་ལྷན་ཁག་གི་གྲོས་དཔོན་སྦེ་ ཕྱག་འགན་བཞེས་ནི་ཨིན་མས།

ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ཁྲི་འཛིན་ ཀུན་ལེགས་དབྱངས་འཛོམས་འདི་ གསོ་བའི་ལྷན་ཁག་གི་གྲོས་དཔོན་ཨིན་མས།

ད་རུང་ འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེའི་གཙོ་འཛིན་འོགམ་ དངོས་གྲུབ་རྡོ་རྗེ་གིས་ བརྒྱུད་འབྲེལ་ལྷན་ཁག་གི་གྲོས་དཔོན་སྦེ་ ཕྱག་ཞུ་ནི་ཨིན་མས།

འདི་བཟུམ་སྦེ་ ཀུན་གསལ་ལས་འཛིན་གྱི་འཛིན་སྐྱོང་མདོ་ཆེན་ བ་ཅུང་ཕུརཔ་རྡོ་རྗེ་འདི་ ལཱ་གཡོག་ལྷན་ཁག་འདི་ བདག་འཛིན་འཐབ་དགོཔ་སྦེ་ གྲོས་ཆོད་བྱུང་ནུག

གཞུང་གསརཔ་འདི་ཡང་ རྒྱལ་ཡོངས་ཚོགས་འདུ་རྩ་གྲོལ་སོང་བའི་ཚེས་གྲངས་ལས་ ཞག་གྲངས་༩༠གི་ནང་འཁོད་ལུ་ དབུ་བརྙས་ནི་ཨིན་མས།