འབྲུག་རྒྱལ་ཁབ་ཀྱིས་ སྤྱི་ལོ་༢༠༢༠གི་ཧེ་མ་ལས་ ནད་གཞི་རུ་བེ་ལ་འདི་ ཚད་འཛིན་འབད་ཚུགས་ཏེ་ཡོདཔ། - འབྲུག༌རྒྱང༌བསྒྲགས། | འབྲུག༌རྒྱང༌བསྒྲགས།
གཟའ་པ་སངས། ༢༠༡༨ ཟླ་༨ པའི་སྤྱི་ཚེས་༡༦

འབྲུག་རྒྱལ་ཁབ་ཀྱིས་ སྤྱི་ལོ་༢༠༢༠གི་ཧེ་མ་ལས་ ནད་གཞི་རུ་བེ་ལ་འདི་ ཚད་འཛིན་འབད་ཚུགས་ཏེ་ཡོདཔ།

སྤྱི་ཟླ་༨ པའི་ཚེས་ ༡༣ ༢༠༡༨

༉ འབྲུག་རྒྱལ་ཁབ་འདི་ ཤར་ལྷོ་ཨེ་ཤི་ཡ་ལུང་ཕྱོགས་ནང་ལས་ སྤྱི་ལོ་༢༠༢༠གི་ཧེ་མ་ལས་ ནད་གཞི་རུ་བེ་ལ་དང་ ཨའི་ལས་ཨ་ལུ་ལུ་ འབུ་ཡོད་པའི་རུ་བེ་ལ་གི་ནད་གཞི་ ཚད་འཛིན་འབད་ཚུགས་མི་ རྒྱལ་ཁབ་༦གི་གྲལ་ཁར་ཚུད་དེ་འདུག

ནད་གཞི་རུ་བེ་ལ་འདི་ཡང་ རྒྱལ་ཁབ་ནང་ལུ་ ནད་གཞི་འདི་ བརྒྱ་ཆ་༩༥གིས་ མར་ཕབ་འབད་ཚུགས་པ་ཅིན་ ཚད་འཛིན་འབད་ཚུགས་པའི་གྲངས་སུ་ ཚུད་དོ་ཡོདཔ་སྦེ་ཨིནམ་ད་ འདི་ཡང་ འབྲུག་རྒྱལ་ཁབ་ནང་ སྤྱི་ལོ་༢༠༠༣ལུ་ རུ་བེ་ལ་ཐོབ་མི་༣༥༠ཡོད་ས་ལས་ ན་ཧིང་༩ལས་བརྒལ་མ་ཐོནམ་ཨིན་མས།

འདི་བཟུམ་སྦེ་ དུས་ཅི་གི་ལོ་ནང་ ད་ལྟོ་ཚུན་ཚད་ ནད་གཞི་ཐོབ་མི་༥ལས་བརྒལ་ མ་ཐོན་པར་ཡོདཔ་མ་ཚད་ གསོ་བའི་ལྷན་ཁག་གིས་ རུ་བེ་ལ་གི་སྨན་ཁབ་འདི་ ཨ་ལུ་རྨས་སྐྱེས་ཚུ་ལུ་ ད་ལྟོའི་བར་ན་ཡང་ བཙུགས་བྱིན་ཏེ་རང་ཡོདཔ་ཨིན་མས།

གསོ་བའི་འགོ་དཔོན་ཚུ་གིས་བཀོད་མི་ནང་ ནད་གཞི་རུ་བེ་ལ་འདི་ ན་ཚ་ཚབས་ཆེན་ཅིག་མེན་རུང་ ཨམ་སྲུ་ཨ་ལུ་ཆགས་སྡོད་པའི་ནམ་དུས་ལུ་ ནད་གཞི་འདི་ཐོབ་པ་ཅིན་ ཨ་ལུ་འདི་ དབང་པོ་ལུ་ སྐྱོན་ཡོདཔ་སྦེ་སྐྱེས་ནི་དང་ ཤི་ཤིཝ་སྦེ་སྐྱེས་ནི་ ཡང་ན་ ཨ་ལུ་མངལ་ལས་ཤོར་འགྱོ་ནི་ཚུ་ ཐོན་འོང་ཟེར་ཨིན་མས།

མི་དམངས་གསོ་བའི་ལས་ཁུངས་ནང་ལས་ ཚེ་དབང་ཏ་མང་གིས་སླབ་མི་ནང་ ཨ་ལུ་ཆགསཔ་ཅིག་རང་ ཨའི་འདི་ལུ་ རུ་བེ་ལ་འདི་ཐོབ་པ་ཅིན་ ནད་གཞི་འདི་ ཨ་ལུ་ལུ་འབུ་ནི་གི་ཉེན་ཁ་ བརྒྱ་ཆ་ལས་༩༠དེ་ཅིག་རང་ ཡོད་ཟེར་བཤད་ཅི།

འབྲུག་ལུ་ རུ་བེ་ལ་གི་ནད་གཞི་འདི་ འགོ་དང་པ་རང་ སྤྱི་ལོ་༢༠༠༣ལུ་ རྫོང་ཁག་༩གི་ནང་ལས་ ཐོན་པའི་ཤུལ་མ་ གསོ་བའི་ལྷན་ཁག་གིས་ སྤྱི་ལོ་༢༠༠༦ལུ་ རྒྱལ་ཡོངས་ལུ་ ནད་གཞི་དམར་ཅནམ་དང་ རུ་བེ་ལ་གི་སྨན་ཁབ་ལས་རིམ་ཚུ་ འགོ་འདྲེན་འཐབ་ནུག

རུ་བེ་ལ་ཟེར་མི་ནད་གཞི་འདི་ འབུ་ཉེན་ཅན་གྱི་ནད་གཞི་ཅིག་ཨིནམ་ད་ ནད་གཞི་འདི་ཡང་ རུ་བེ་ལ་གི་ནད་འབུཔ་ལས་བརྟེན་ཏེ་ ཐོབ་དོ་ཡོདཔ་ད་ ནད་གཞི་འདི་ཐོབ་པའི་སྐབས་ གཟུགས་ཁ་ལུ་ སྤོ་རོ་ཐོན་དོ་ཡོདཔ་མ་ཚད་ ལྐདམོ་ནང་ལུ་ རྨ་ཐོན་ནི་དང་ གློ་འབར་ནི་ཚུ་ཡང་ འབདཝ་ཨིན་མས།