མི་དམངས་སྐྱེལ་འདྲེན་གྱི་ཞབས་ཏོག་ལས་བརྟེན་ སྣུམ་འཁོར་མ་ཤོང་པའི་དཀའ་ངལ་འདི་ སེལ་ཚུགས་ནི་ཨིནམ། - འབྲུག༌རྒྱང༌བསྒྲགས། | འབྲུག༌རྒྱང༌བསྒྲགས།
གཟའ་པ་སངས། ༢༠༡༨ ཟླ་༨ པའི་སྤྱི་ཚེས་༡༦

མི་དམངས་སྐྱེལ་འདྲེན་གྱི་ཞབས་ཏོག་ལས་བརྟེན་ སྣུམ་འཁོར་མ་ཤོང་པའི་དཀའ་ངལ་འདི་ སེལ་ཚུགས་ནི་ཨིནམ།

སྤྱི་ཟླ་༨ པའི་ཚེས་ ༡༣ ༢༠༡༨

༉ ཐིམ་ཕུག་ལུ་ སྣུམ་འཁོར་མ་ཤོང་པའི་དཀའ་ངལ་ཡོད་མི་འདི་ མི་ཚུ་ལུ་ ཚ་གྱང་ཆེ་བའི་གནད་དོན་ཅིག་ལུ་ འགྱུར་ཏེ་ཡོདཔ་ལས་ ཐིམ་ཕུག་ལུ་ མི་དམངས་སྐྱེལ་འདྲེན་གྱི་ལམ་ལུགས་འདི་ ཡར་དྲག་བཏང་ཞིན་ན་ སྣུམ་འཁོར་ཉོ་ནི་འདི་ མར་ཕབ་འབད་དགོ་པའི་གནས་སྟངས་ལུ་ ལྷོད་དེ་ཡོདཔ་ཨིན་མས།

ཐིམ་ཕུག་ལུ་ འདས་པའི་ལོ་ཚུ་ནང་ལུ་ སྣུམ་འཁོར་མ་ཤོང་པའི་དཀའ་ངལ་འདི་ མི་ཚུ་ ཡིག་ཚང་དང་སློབ་གྲྭ་ནང་འགྱོ་བའི་དུས་ཚོད་ཁར་རྐྱངམ་ཅིག་ སྡོད་ཡོདཔ་ཨིན་རུང་ ད་རེས་ ཉིནམ་གཅིག་རང་ ཐོན་དོ་ཡོདཔ་ལས་ སྣུམ་འཁོར་བཏང་མི་ཚུ་ཡང་ དབུགས་བགམས་ཏེ་སྡོད་སར་ མཐོང་ཚུགས་དོ་ཡོདཔ་ཨིན་མས།

ད་རེས་ རྒྱལ་ཁབ་ནང་ལུ་ སྣུམ་འཁོར་འབུམ་མ་ལངམ་ཅིག་ཡོད་ས་ལས་ སྣུམ་འཁོར་སྟོང་ཕྲག་༥༠ལྷགཔ་ཅིག་འདི་ ཐིམ་ཕུག་ལུ་ཡོདཔ་ཨིན་མས།

རྒྱལ་ཁབ་ནང་ལུ་ སྣུམ་འཁོར་གྱི་གྱངས་ཁ་འདི་ཡང་ སྤྱི་ལོ་༢༠༡༤གི་སྤྱི་ཟླ༧པའི་ནང་ལས་ སྣུམ་འཁོར་ནང་འདྲེན་འབད་ཐག་ཆོགཔ་སྦེ་ བཟོ་བའི་ཤུལ་མ་ ཚར་ཅིག་གུར་ ཡར་སེང་སོང་སྟེ་ཡོདཔ་སྦེ་ཨིན་མས།

སྣུམ་འཁོར་མ་ཤོང་པའི་དཀའ་ངལ་འཐོན་མི་འདི་ སྣུམ་འཁོར་གྱི་གྱངས་ཁ་ ཡར་སེང་འགྱོ་མི་ལུ་བརྟེན་ཏེ་ རྐྱངམ་ཅིག་མེན་པར་ མི་ཚུ་ ལམ་སྐེདཔ་བཏོག་འགྱོ་སའི་ཕྲ་ལམ་དང་ འཁོར་ལམ་བདའ་སྟེ་ སྣུམ་འཁོར་ཚུ་བཞག་མི་ལུ་བརྟེན་ཏེ་ཡང་ བར་ཆད་རྐྱབ་དོ་ཡོདཔ་སྦེ་ཨིན་མས།

འདི་འབདཝ་ལས་ ཁྲོམ་སྡེ་གིས་ མི་ཚུ་ལམ་སྐེདཔ་བཏོག་འགྱོ་ནི་གི་དོན་ལུ་ འཁོར་ལམ་གྱི་ལྟག་ལས་ཕར་ ཟམ་རྐྱབ་ཞིན་ན་བཟོ་ནི་དང་ཡང་ ཡང་ན་ ལམ་གྱི་འོག་ལས་སྦེ་ བཟོ་ནི་གི་འཆར་གཞི་ཡོད་པའི་ཁར་ ཁྲོམ་སྡེ་འགྲུལ་འཁོར་འདི་ཡང་ མང་སུ་ཅིག་སྦེ་ ལེན་ནི་གི་འཆར་གཞི་འདུག

འདི་བཟུམ་སྦེ་ སྣུམ་འཁོར་མ་ཤོང་པའི་དཀའ་ངལ་འདི་ སེལ་ནི་གི་དོན་ལུ་ མི་འགྱོ་སའི་ལམ་ཚུ་ ཡར་དྲག་བཏང་ནི་དང་ རང་སྡོད་སའི་ས་སྒོ་ཚུ་ནང་ལས་ཕར་ ཤེས་རིག་དང་ གསོ་བའི་གཞི་རྟེན་མཐུན་རྐྱེན་ཚུ་ སྤྲོད་ནི་འདི་ཡང་ ཐབས་ལམ་གཅིག་སྦེ་ འོང་ནི་ཨིན་མས།