གཟའ་མིག་དམར། ༢༠༡༨ ཟླ་༡༠ པའི་སྤྱི་ཚེས་༡༥

རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ནང་ལུ་ རྩོད་བཤེར་འབད་དགོ་པའི་གནད་དོན་༡༣༠༠ལྷགཔ་ཅིག་ ལྷོད་དེ་ཡོདཔ།

སྤྱི་ཟླ་༨ པའི་ཚེས་ ༡༣ ༢༠༡༨

༉ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ སྤྱི་ལོ་༢༠༡༧གྱི་ ལོ་བསྟར་སྙན་ཞུ་དང་འཁྲིལཔ་ད་ ན་ཧིང་ ཁོང་གི་ཡིག་ཚང་ནང་ལུ་ ཁྲིམས་སར་རྩོད་བཤེར་འབད་དགོ་པའི་གནད་དོན་༡༣༠༠ལྷགཔ་ཅིག་ ལྷོད་དེ་ཡོདཔ་སྦེ་ཨིན་མས།

འདི་ཡང་ སྤྱི་ལོ་༢༠༡༦གི་ལོ་དང་འཕྱདཔ་ད་ ན་ཧིང་ གནད་དོན་ཁག་༡༨༩གིས་ ཡར་སེང་སོང་སྟེ་ཡོདཔ་སྦེ་ཨིན་མས།

རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ན་ཧིང་ རྒྱལ་གཞུང་འབྲུག་གི་འགག་སྡེ་ནང་ལས་ ཁྲིམས་སར་རྩོད་བཤེར་འབད་དགོ་པའི་གནད་དོན་ཁག་༡༣༠༠ལྷགཔ་ཅིག་ ཐོབ་ནུག

འདི་བཟུམ་སྦེ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ནང་ལས་ཡང་ མི་ངོམ་༢༠༠ལྷགཔ་ཅིག་གྲལ་གཏོགས་ཡོད་པའི་ རྩོད་གཞི་ཁག་༢༣དེ་ཅིག་ ལྷོད་དེ་ཡོདཔ་ཨིན་མས།

ད་རུང་ འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེ་ནང་ལས་ རྩོད་གཞི་ཁག་༡དང་ ཞབས་ཏོག་ལྷན་ཁག་ནང་ལས་༡ དེ་ལས་ སོ་ནམ་དང་ནགས་ཚལ་ལྷན་ཁག་ནང་ལས་༥འབདཝ་ད་ བསྡོམས་ཀྱི་རྩོད་གཞི་ཁག་༧ ལྷོད་དེ་འདུག

རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ ལོ་བསྟར་སྙན་ཞུ་དང་འཁྲིལཔ་ད་ལུ་ རྩོད་གཞི་འདི་མཐོ་ཤོས་རང་ འབྲུག་གི་སྨྱོ་རྫས་དང་སེམས་ཁམས་འཁྲུགས་རྫས་ རྫས་རིགས་ལོག་སྤྱོད་ཀྱི་བཅའ་ཁྲིམས་༢༠༡༥ཅན་མ་དང་འབྲེལ་བའི་ རྩོད་གཞི་༥༠༠དེ་ཅིག་ལྷོད་མི་འདི་ ཨིནམ་སྦེ་བཀོད་དེ་འདུག

འདི་བཟུམ་སྦེ་ ཡིག་ཚང་འདི་ནང་ལུ་ སྐུ་གསུང་ཐུགས་རྟེན་དང་ གཟུངས་དང་འབྲེལ་བའི་གནོད་འགེལ་དང་ ནང་རྟེན་ཚུ་ ཁྲིམས་འགལ་གྱི་ཐོག་ལས་ ཉོ་བཙོང་འབད་བའི་རྩོད་གཞི་ཁག་༢༧༠ལྷགཔ་ཅིག་ལྷོད་དེ་ཡོདཔ་མ་ཚད་ ཨརཝ་བརྐུ་མི་དང་འབྲེལ་བའི་རྩོད་གཞི་འདི་ཡང་ ཁག་༡༢༠ལྷགཔ་ཅིག་ ལྷོད་ནུག

ད་རུང་ སྙན་འདི་དང་འཁྲིལཔ་ད་ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ནང་ལས་ལྷོད་མི་ ངན་ལྷད་ཀྱི་གནད་དོན་འདི་ མང་ཤོས་ཅིག་རང་ ལས་འཛིན་དང་ གཞུང་དང་སྒེར་གྱི་ལས་སྡེ་ཚུ་ནང་ལས་ཕར་ མ་དངུལ་ལོག་སྤྱོད་འབད་མི་འདི་ ལྷོད་དེ་ཡོདཔ་སྦེ་ འཁོད་དེ་འདུག

རྩོད་བཤེར་འབད་ནི་གི་གནད་དོན་འདི་ མཐོ་ཤོས་རང་ ཐིམ་ཕུ་གི་ རྒྱལ་གཞུང་འབྲུག་གི་འགག་སྡེ་ནང་ལས་༣༤༠ལྷགཔ་ཅིག་ལྷོད་མི་དང་ འདི་གི་འོག་ལས་རང་ མོང་སྒར་དང་ཕུན་ཚོགས་གླིང་གི་ འགག་སྡེ་ཚུ་ནང་ལས་ ལྷོད་མི་ཚུ་ཨིན་མས།

ཨིན་རུང་ མགར་ས་རྫོང་ཁག་ནང་ལས་འབད་བ་ཅིན་ རྩོད་བཤེར་འབད་ནི་གི་གནད་དོན་ ཕུད་རྡོག་གཅིག་ཡང་ མ་ལྷོདཔ་ཨིན་མས།