གཟའ་ཕུར་བུ། ༢༠༡༨ ཟླ་༡༢ པའི་སྤྱི་ཚེས་༡༢

བཀྲིས་སྒང་ཁྲོམ་ཁར་ལུ་ ཆུ་རུད་འདི་གིས་ ས་དང་རྡོ་རག་རོ་འབག་འོང་མི་ཚུ་ སེལ་བའི་བསྒང་ར་ཡོདཔ།

སྤྱི་ཟླ་༨ པའི་ཚེས་ ༡༣ ༢༠༡༨

༉ བཀྲིས་སྒང་ལུ་ འདས་པའི་ཟླཝ་ནང་ ཆུ་རུད་འཐོན་པའི་ཤུལ་མ་ ཁྲོམ་གྱི་ས་སྒོ་ཚུ་ནང་ལས་ཕར་ ས་དང་རྡོ་རག་རོ་འབག་འོང་མི་ཚུ་ སེལ་བའི་བསྒང་ར་འདུག

ཁྲོམ་གྱི་ས་སྒོ་ནང་ལུ་ ས་དང་རྡོ་རག་རོ་ཚུ་ སེལ་ནི་གི་ལཱ་འདི་ ཉིན་བསྟར་བཞིན་འབད་དོ་ཡོདཔ་ཨིན་རུང་ དུས་ཚོད་དག་པ་ཅིག་ འགོར་ནི་བཟུམ་ཡོདཔ་སྦེ་ཨིན་མས།

བཀྲིས་སྒང་རྫོང་བདག་ ཆོས་སྐྱིད་རྒྱལ་མཚན་གྱིས་སླབ་མི་ནང་ རག་རོ་ཚུ་སེལ་ནི་གི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་ཕྱེད་ད་༢ལྷགཔ་ཅིག་དང་ འཐུང་ཆུ་ཉམས་བཅོས་ཀྱི་དོན་ལུ་ དངུལ་ཀྲམ་འབུམ་༧དེ་ཅིག་ གནས་ནི་ཨིནམ་སྦེ་ ཚད་རྩིས་བཏོན་ཏེ་ཡོད་ཟེར་བཤད་ཅི།

ད་རུང་ རྫོང་བདག་གིས་བཀོད་མི་ནང་ བཀྲིས་སྒང་ཁྲོམ་ཁ་ལུ་ གཏན་འཇགས་ཀྱི་ འཐུང་ཆུ་བཀྲམ་སྤེལ་གྱི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༣དེ་ཅིག་ གནས་ནི་མས་ཟེར་ཨིན་མས།

འདས་པའི་ཟླཝ་ནང་ལུ་ ཆུ་རུད་འཐོན་མི་འདི་གིས་ གནོད་སྐྱོན་སྦོམ་སྦེ་རང་ ཤ་ཚོང་ཁང་ཅིག་དང་ ཚོད་བསྲེ་བཙོང་སའི་ ས་སྒོ་ནང་ལུ་རྐྱབ་སྟེ་ཡོད་རུང་ མིའི་ཚེ་སྲོག་ལུ་ བར་ཆད་རྐྱབ་ཡོད་པའི་སྙན་ཞུ་ཚུ་ ག་ནི་ཡང་མེདཔ་ཨིན་མས།

ཚོང་པ་ལ་ལུ་ཅིག་གིས་སླབ་མི་ནང་ ཆུ་རུད་འདི་གིས་སྦེ་ དངུལ་ཀྲམ་འབུམ་༢དེ་ཅིག་གནས་པའི་ རྒྱུ་དངོས་ཚུ་ལུ་ གནོད་སྐྱོན་རྐྱབ་སྟེ་ཡོད་ཟེར་བཤད་ཅི།

ཁྲོམ་འདི་ནང་ལུ་ མི་ཐིམ་གྲང་རོང་ཆུ་བྲེས་ཏེ་ གནོད་སྐྱོན་རྐྱབ་མི་གི་གནད་དོན་འདི་ ད་རེས་ འགོ་དང་པ་ཅིག་མེནམ་ཨིནམ་ད་ འདི་ཡང་ འདས་པའི་ལོ་༢༤གི་ཧེ་མ་ཡང་ ཆུ་རུད་ཅིག་འཐོན་ཏེ་ ཁྲོམ་འདི་ནང་ལུ་ རྒྱུ་དངོས་དང་ཁྱིམ་ཚུ་ཡང་ འཕྱག་འབག་ཡོདཔ་ཨིན་མས།

འདི་འབདཝ་ལས་ ཆུ་རུད་ཀྱི་གནོད་སྐྱོན་ལས་ བཀག་ཐབས་འབད་ནི་གི་དོན་ལུ་ ན་ཧིང་ ཆུ་བྱག་རྐྱབ་སྟེ་ཡོདཔ་ལས་ ད་རེས་ གནོད་སྐྱོན་སྦོམ་སྦེ་རང་རྐྱབ་ནི་ལས་ བཀག་ཐབས་འབད་ཚུགས་ཏེ་ཡོད་རུང་ ས་སྒོ་ལ་ལུ་ཅིག་གི་ནང་ལུ་ ཆུ་བྱག་གི་མཐོ་ཚད་འདི་ ཡར་སེང་འབད་དགོཔ་སྦེ་ མཐོངསྟེ་འདུག

ཆུ་རུད་འདི་ཐོན་པའི་སྐབས་ བཀྲིས་སྒང་ཁྲོམ་གྱི་མི་ཚུ་ ཉེན་སྲུང་ཅན་གྱི་ས་སྒོ་ནང་ལུ་ བསྐྱེལ་དགོཔ་ཐོན་ཡོདཔ་ཨིན་མས།