གཟའ་མིག་དམར། ༢༠༡༨ ཟླ་༡༠ པའི་སྤྱི་ཚེས་༡༥

རེ་འཕེལ་དང་ཀོ་ཤ་ལ་གི་བར་ནའི་ཕྲང་ལམ་ལས་བརྟེན་ གླང་མཐིལ་གྱི་ཚོང་པ་ཚུ་ལུ་ ཐོ་ཕོག་ནི་ཨིནམ།

སྤྱི་ཟླ་༨ པའི་ཚེས་ ༡༣ ༢༠༡༨

༉ ཀྲོང་གསར་རྫོང་ཁག་ གླང་མཐིལ་ལུ་ ཚོང་བཙུགས་སྡོད་མི་ཚུ་ རེ་འཕེལ་དང་ཀོ་ཤ་ལ་གི་བར་ནའི་ཕྲང་ལམ་འདི་ སེལ་ཚར་བའི་བསྒང་ལས་ ཁོང་གི་ཚོང་འབྲེལ་ལུ་ ཐོ་ཕོག་ནི་མས་ཟེར་ ཚ་གྱང་ལང་སྟེ་འདུག

འདི་ཡང་ ཀི་ལོ་མི་ཊར་༡༧འབད་མི་ ཕྲང་ལམ་འདི་ སང་ཕོད་སེལ་ཚར་བའི་བསྒང་ལས་ རྒྱུན་འགྲུལ་འཐབ་མི་ཚུ་ ད་རེས་བཟུམ་སྦེ་ གླང་མཐིལ་བརྒྱུད་དེ་འགྲོ་འགྲུལ་འཐབ་མ་དགོཔ་སྦེ་ འགྱོ་ནི་ཨིན་མས།

ཁོང་ཚོང་པ་ཚུ་གིས་སླབ་མི་ནང་ ཁོང་གི་ཚོང་འདི་ ངོ་མ་རང་ གཞུང་ལམ་འདི་ཁ་ལས་ རྒྱུན་འགྲུལ་འཐབ་མི་ཚུ་གི་དོན་ལུ་འབདཝ་ལས་ རེ་འཕེལ་དང་ཀོ་ཤ་ལ་གི་བར་ནའི་ འཕྲང་ལམ་འདི་སེལ་ཚར་བའི་བསྒང་ལས་ ཚོང་ཉོ་མི་ག་ཡང་མི་ཐོན་མི་མས་ཟེར་བཤད་ཅི།

ད་རེས་ ཀྲོང་གསར་དང་གཞལ་སྒང་གི་བར་ན་ རྒྱུན་འགྲུལ་འཐབ་མི་སྣུམ་འཁོར་མང་ཤོས་ཅིག་རང་ གླང་མཐིལ་ལུ་ལྷོད་པའི་སྐབས་ བཞེས་སྒོ་བཟའཝ་ཨིན་མས།

གླང་མཐིལ་ལུ་ ཚོང་ཁང་༡༥ཡོདཔ་ཨིན་རུང་ ཁྲོམ་འདི་ ད་ལྟོའི་བར་ན་ཡང་ ཡན་ལག་ཁྲོམ་ཅིག་སྦེ་ ངོས་འཛིན་མ་འབད་བར་འདུག

ད་རེས་ ཀྲོང་གསར་ ཡུར་མོང་དང་ཀོ་ཤ་ལ་ལུ་ ཟམ་གཉིས་ རྐྱབ་པའི་བསྒང་རང་ཡོདཔ་ད་ ཟམ་འདི་ཚུ་གྲུབ་པའི་བསྒང་ལས་ མི་ཚུ་གིས་ ཕྲང་ལམ་འདི་ཁ་ལས་ རྒྱུན་འགྲུལ་འཐབ་ཚུགས་ནི་ཨིན་མས།

རེ་འཕེལ་དང་ཀོ་ཤ་ལ་གི་བར་ནའི་འཕྲང་ལམ་འདི་ཡང་ སྤྱི་ལོ་༢༠༡༢ལས་སེལ་ནི་ འགོ་བཙུགས་ཏེ་ཡོདཔ་ད་ འཕྲང་ལམ་འདི་ སེལ་ཚར་བའི་བསྒང་ལས་ ཀྲོང་གསར་དང་ གཞལ་སྒང་གི་བར་ན་ འགྲོ་འགྲུལ་གྱི་དུས་ཚོད་འདི་ ཆུ་ཚོད་ཕྱེད་ད་༢དེ་ཅིག་གིས་ མར་ཕབ་འབད་ཚུགས་ནི་ཨིན་མས།