ལྷུན་རྩེ་རྫོང་ཁག་ སྨད་མཚོ་རྒེད་འོག་ལྟེ་བའི་ལམ་རྩི་ནག་བཏང་ནི་གི་ལཱ་འདི་ ཞག་དུས་ཁར་མ་ཚར་བ་ཡོདཔ། - འབྲུག༌རྒྱང༌བསྒྲགས། | འབྲུག༌རྒྱང༌བསྒྲགས།
གཟའ་པ་སངས། ༢༠༡༨ ཟླ་༨ པའི་སྤྱི་ཚེས་༡༦

ལྷུན་རྩེ་རྫོང་ཁག་ སྨད་མཚོ་རྒེད་འོག་ལྟེ་བའི་ལམ་རྩི་ནག་བཏང་ནི་གི་ལཱ་འདི་ ཞག་དུས་ཁར་མ་ཚར་བ་ཡོདཔ།

སྤྱི་ཟླ་༨ པའི་ཚེས་ ༡༣ ༢༠༡༨

༉ ལྷུན་རྩེ་རྫོང་ཁག་ནང་ལུ་ རྒེད་འོག་༨ཡོད་ས་ལས་ རྒེད་འོག་ལྟེ་བ་༧གྱི་ལམ་འདི་ རྩི་ནག་བཏང་ཚར་ཏེ་འདུག

ལམ་རྩི་ནག་མ་བཏང་པར་ཡོད་མི་འདི་ཡང་ རྫོང་ཁག་འདི་ནང་ལུ་ མཐའ་ཟུར་གྱི་རྒེད་འོག་ཅིག་ཨིན་མི་ སྨད་མཚོ་རྒེད་འོག་ལྟེ་བའི་ལམ་འདི་ཨིན་མས།

ལམ་རྩི་ནག་བཏང་ནི་གི་ལཱ་འདི་ དུས་ཅི་ སྤྱི་ཟླ་༣པའི་ནང་ལུ་ མཇུག་བསྡུ་དགོཔ་སྦེ་ སྡོད་ཡོདཔ་ཨིན་རུང་ ད་རེས་ ལཱ་འདི་ བརྒྱ་ཆ་༦༤རྐྱངམ་ཅིག་ མཇུག་བསྡུ་སྟེ་ཡོདཔ་ཨིན་མས།

སི་ལ་སྦིས་ལས་ རྒེད་འོག་ལྟེ་བ་ཚུན་ཚོད་ ཀི་ལོ་མི་ཊར་༡༢འབད་མི་ ལམ་རྩི་ནག་བཏང་ནི་གི་ལཱ་འདི་ སྤྱི་ལོ་༢༠༡༦སྤྱི་ཟླ་༩པའི་ནང་ལུ་ འགོ་བཙུགས་ཡོདཔ་ཨིན་རུང་ ལམ་ཀི་ལོ་མི་ཊར་༨ཚུན་རྐྱངམ་ཅིག་ ཆུ་གཡུར་ཚུ་སེལ་ཏེ་ རྩི་ནག་བཏང་ནི་གི་ གྲ་སྒྲིག་འབད་དེ་ཡོདཔ་ཨིན་མས།

འདི་འབདཝ་ལས་ ལམ་རྩི་ནག་བཏང་ནི་གི་ལཱ་འདི་ དུས་ཚོད་ཁར་ མཇུག་བསྡུ་མ་ཚུགས་མི་ལུ་བརྟེན་ སྨད་མཚོ་རྒེད་འོག་གི་མི་སེར་ཚུ་ སེམས་དང་མ་ལྡན་པར་འདུག

སྨད་མཚོ་རྒཔོ་མགོནམ་པོ་གིས་སླབ་མི་ནང་ ལཱ་འདི་གི་སྐོར་ལས་ རྒེད་འོག་བདག་སྐྱོང་དང་ ལམ་སེལ་ལས་ཁུངས་ཀྱི་ཁ་ཐུག་ལས་ འབྲེལ་ཡོད་དབང་འཛིན་དང་ལས་ཁུངས་ཚུ་ལུ་ ཡི་གུ་ལེ་ཤ་ཅིག་ར་ཕུལ་ཏེ་ རྩ་འགེངས་ཡོདཔ་ཨིན་རུང་ ཁག་འབགཔ་གི་ཁ་ཐུག་ལས་ འཐུས་ཤོར་ཏེ་རང་ཡོད་ཟེར་བཤད་ཅི།

ལམ་སེལ་ལས་ཁུངས་ཀྱིས་ ལམ་རྩི་ནང་བཏང་མི་ ཁག་འབགཔ་འདི་ལུ་ ཉེས་བྱ་བཀལ་བའི་ཤུལ་མ་ ལཱ་འདི་མཇུག་བསྡུ་ནི་གི་དོན་ལུ་ ད་རུང་རང་ ཉིན་གྲངས་༡༠༠འཐེབ་བྱིན་ཏེ་འདུག

ལཱ་འདི་ དུས་ཅི་ སྤྱི་ཟླ་༦པའི་ནང་ལུ་ མཇུག་བསྡུ་དགོཔ་ཅིག་ཨིན་རུང་ ཁག་འབགཔ་འདི་གིས་ ད་རུང་རང་ མཇུག་བསྡུ་མ་ཚུགསཔ་ཨིན་མས།

འདི་ལུ་ ཁག་འབགཔ་འདི་གིས་སླབ་མི་ནང་ ལཱ་ཚུ་ ཞག་དུས་ཁར་ མཇུག་བསྡུ་མ་ཚུགས་མི་འདི་ཡང་ ལས་མི་ལངམ་སྦེ་ མ་ཐོབ་མི་ལུ་བརྟེན་ཏེ་ ཨིན་ཟེར་བཤད་ཅི།

མོང་སྒར་ གླིང་མི་ཐང་ལུ་ཡོད་པའི་ ལམ་སེལ་ལས་ཁུངས་ཀྱིས་ ཞབས་ཏོག་ལྷན་ཁག་ལུ་ ཁག་འབགཔ་འདི་ ཆ་མེད་བཏང་དགོཔ་སྦེ་ ཞུ་བ་འབད་དེ་འདུག

རྒེད་འོག་ལྟེ་བའི་ལམ་འདི་ ཀི་ལོ་མི་ཊར་༢༠ཡོད་ས་ལས་ ཀི་ལོ་ཊར་༨འདི་ རང་བཞིན་གནས་སྟངས་ཀྱི་ ཉོག་མེད་ལག་ཁྱེར་མ་ཐོབ་པར་ལུས་ཏེ་ཡོད་མི་ ཤིང་མཁར་གོར་གཱན་གྱི་འཕྲང་ལམ་གྱི་ ཆ་ཤས་ཅིག་ཨིན་མས།