ལྷོ་ཨེ་ཤི་ཡཱན་གྱི་རྐང་རྩེད་འགྲན་བསྡུར་ནང་ལས་ འབྲུག་པའི་སྡེ་ཚན་གྱིས་ སི་རི་ལངྐ་ལས་ རྒྱལ་ཁ་ཐོབ་ཡོདཔ། - འབྲུག༌རྒྱང༌བསྒྲགས། | འབྲུག༌རྒྱང༌བསྒྲགས།
གཟའ་པ་སངས། ༢༠༡༨ ཟླ་༨ པའི་སྤྱི་ཚེས་༡༦

ལྷོ་ཨེ་ཤི་ཡཱན་གྱི་རྐང་རྩེད་འགྲན་བསྡུར་ནང་ལས་ འབྲུག་པའི་སྡེ་ཚན་གྱིས་ སི་རི་ལངྐ་ལས་ རྒྱལ་ཁ་ཐོབ་ཡོདཔ།

སྤྱི་ཟླ་༨ པའི་ཚེས་ ༡༣ ༢༠༡༨

༉ སྐྱེས་ལོ་༡༥མན་ཆད་ཀྱི་ ལྷོ་ཨེ་ཤི་ཡཱན་རྐང་རྩེད་ཚོགས་པའི་ ཨམ་སྲུ་ཚུ་གི་རྐང་རྩེད་ཀྱི་འགྲན་བསྡུར་ནང་ལས་ འབྲུག་པའི་སྡེ་ཚན་གྱིས་ ཁ་ཙ་ རྩེད་འགྲན་དང་པའི་ནང་ལུ་ སི་རི་ལངྐ་ལས་ རྒྱལ་ཁ་ཐོབ་ཅི།

འདི་འབདཝ་ལས་ འབྲུག་དང་རྒྱ་གར་གྱི་སྡེ་ཚན་འདི་ སྡེ་ཚན་ཀ་པའི་ནང་ལས་ ནོཀ་ཨའུཊ་གི་བསྐོར་ཐེངས་ནང་ལུ་ ལྷོད་དེ་ཡོདཔ་ཨིན།

རྩེད་འགྲན་འདི་ བར་མཚམས་ལེན་པའི་སྐབས་ འབྲུག་པའི་སྡེ་ཚན་གྱིས་ གཱོལ་༢བཙུགས་ཡོདཔ་ད་ གཱོལ་གཉིས་ཆ་རང་ བསོད་ནམས་ལྷ་མོ་གིས་བཙུགས་ནུག

རྩེད་འགྲན་འདི་ མཇུག་བསྡུ་བའི་བསྒང་ལས་ འབྲུག་པའི་སྡེ་ཚན་གྱིས་ གཱོལ་༦བཙུགས་ཡོདཔ་ད་ སི་རི་ལངྐ་གི་སྡེ་ཚན་གྱིས་ གཱོལ་གཅིག་ཡང་ བཙུགས་མ་ཚུགསཔ་ཨིན་མས།

འདི་བཟུམ་སྦེ་ རྩེད་འགྲན་ཁག་གཉིས་པའི་ནང་ལུ་ སྦལ་བུ་གི་སྡེ་ཚན་གྱིས་ གཱོལ་༤བཙུགས་ཡོདཔ་ཨིན་རུང་ པ་ཀིསིཏཱན་གྱི་སྡེ་ཚན་གྱིས་ གཱོལ་གཅིག་ཡང་བཙུགས་མ་ཚུགས་པས།

པ་ཀིསིཏཱན་གྱིས་ཡང་ ད་ལྟོ་ཚུན་ སི་རི་ལངྐ་བཟུམ་སྦེ་རང་ རྩེད་འགྲན་གཅིག་གི་ནང་ལས་ཡང་ རྒྱལ་ཁ་ཐོབ་མ་ཚུགསཔ་ལས་ ཁོང་སྡེ་ཚན་གཉིས་ཆ་ར་གིས་ ཤུལ་མའི་རྩེད་འགྲན་ནང་ལུ་ གོ་སྐབས་མི་ཐོབ་ནི་ཨིན་མས།

ཨིན་རུང་ འབྲུག་དང་བང་ལ་དེཤ་ དེ་ལས་ རྒྱ་གར་དང་སྦལ་བུ་གི་སྡེ་ཚན་ཚུ་གིས་ ཤུལ་མའི་སྐོར་ཐེངས་ནང་ལུ་ རྩེད་འགྲན་འབད་ནི་སྦེ་ཡོདཔ་ཨིན།

འབྲུག་པའི་སྡེ་ཚན་གྱིས་ ཤུལ་མའི་རྩེད་འགྲན་འདི་ ནངས་པ་ རྒྱ་གར་དང་ཅིག་ཁར་ རྩེད་འགྲན་འབད་ནི་གི་ལས་རིམ་འདུག

རྩེད་འགྲན་འདི་ཡང་ ཐིམ་ཕུག་ ལྕང་གླིང་མའི་ཐང་ནང་ལུ་སྦེ་ འགོ་འདྲེན་འཐབ་པའི་བསྒང་རང་ ཡོདཔ་ཨིན་མས།