གཟའ་ཟླ་བ། ༢༠༡༩ ཟླ་༡༢ པའི་སྤྱི་ཚེས་༡༥

རྩི་རང་ལུ་ མི་གཅིག་གིས་ ཀི་ཝི་གི་ལཱ་འབད་མི་འདི་ མཐར་འཁྱོལ་འབྱུང་ཡོདཔ།

སྤྱི་ཟླ་༧ པའི་ཚེས་ ༢༤ ༢༠༡༨

 

༉ རྩི་རང་རྫོང་ཁག་ དཀྱིལ་འཁོར་ཐང་རྒེད་འོག་གི་ མི་མང་ཤོས་ཅིག་གིས་རང་ དེ་བསྒང་ ཀི་ཝི་གི་ལཱ་འབད་ནི་གི་ཐད་ཁར་ འོས་འབབ་ག་དེ་སྦེ་འོང་ག་ཟེར་བའི་ ཐེ་ཚོམ་ཆགས་ཏེ་སྡོད་ནུག

ཨིན་རུང་ སྐྱེས་ལོ་༤༤་ལང་མི་ ཀཱལ་ཡཎ་མྷཊ་གིས་ ཐིམ་ཕུག་ལུ་ ཁོ་རའི་ བཟའ་ཆས་ཚོང་ཁང་འདི་ བཀོ་བཞག་ཞིན་ན་ ཕམ་གྱིས་སླབ་རུང་ཉེན་མ་བཏུབ་པར་ གཡུས་ཁ་ལུ་འགྱོ་ཞིནམ་ལས་ ཉེན་ཁ་འབག་སྟེ་སྦེ་ ཀི་ཝི་བཙུགས་ནི་གི་ལཱ་ཚུ་ འབད་ཡོདཔ་ཨིན་མས།

འདི་འབདཝ་ལས་ ད་རེས་ ཀི་ཝི་གི་ལྕངམ་ཚུ་ ལོ་༢་འགྱོ་མི་བའི་ཤུལ་ལུ་ གྲུབ་འབྲས་འདི་ཡང་ ལེགས་ཤོམ་སྦེ་རང་ འཐོན་ཏེ་འདུག

ཀཱལ་ཡཎ་མྷཊ་གིས་སླབ་མི་ནང་ ཁོ་གིས་ སྦལ་བུ་ལས་ ཀི་ཝི་གི་ ལྕངམ་ཚུ་འབག་འོང་པའི་སྐབས་ལུ་ ཁོ་རའི་ ཨ་པ་འདི་སེམས་དང་མ་ལྡན་པར་ སྡོད་ཡོདཔ་མ་ཚད་ མི་གཞན་མི་ཚུ་གིས་ཡང་ ཀི་ཝི་འདི་ འཚོ་མི་བཏབ་ཟེར་ དོགས་པ་ཟ་སྟེ་སྡོད་ནུག་ ཟེར་ཨིན་མས།

ཨིན་རུང་ ཁོ་གིས་ འདི་བཟུམ་གྱི་གདོང་ལེན་ལུ་མ་བལྟ་བར་ ཀི་ཝི་འདི་ དཀྱིལ་འཁོར་ཐང་ལུ་ ས་ཆ་ཨེ་ཀར་༣་ལྷགཔ་ཅིག་གི་ནང་ལུ་ བཙུགས་ཏེ་ཡོདཔ་སྦེ་བཤད་ཅི།

འདི་འབདཝ་ལས་ ན་ཧིང་ ཁོ་གིས་ ཀི་ཝི་སྦོམ་ཕུད་རྡོག་རེ་ལུ་ དངུལ་ཀྲམ་༥༠་རེ་སྦེ་ བཙོང་ཡོདཔ་མ་ཚད་ དུས་ཅི་ ཀི་ཝི་ཀེ་ཇི་༥༠༠་ལྷགཔ་ཅིག་ འཐོན་ནི་ཨིནམ་ལས་ ཨ་པ་གིས་ དོགས་པ་ཆགས་མི་འདི་ཡང་ བསལ་ཚུགས་ཏེ་ཡོདཔ་སྦེ་ ཨིན་མས།

 ཀཱལ་ཡཎ་མྷཊ་གི་ ཀི་ཝི་བཙུགས་ནི་གི་ལཱ་འབད་མི་འདི་ རྫོང་ཁག་འདི་ནང་ལུ་ ཡོངས་གྲགས་འཐོན་དོ་ཡོདཔ་ལས་ ས་གནས་འདི་ནང་གི་ མི་སེར་ཚུ་དང་འགོ་དཔོན་ཚུ་གིས་ འཕྲལ་འཕྲལ་སྦེ་རང་ ཁོ་གི་ཀི་ཝི་གི་ ལྡུམ་ར་ནང་ལུ་ ལྟ་སྐོར་འབད་བ་ འོང་དོ་ཡོདཔ་ཨིན།

ཨིན་རུང་ གཡུས་ཚན་འདི་ནང་གི་ མི་ལ་ལུ་ཅིག་ ཁོང་ཆ་ཁྱབ་ལུ་ ཀི་ཝི་བཙུགས་ནི་གི་ ལཱ་འབད་ནི་ནང་ ཉམས་མྱོང་མེདཔ་ལས་ ད་ལྟོའི་བར་ན་ཡང་ ཀི་ཝི་གི་ལཱ་རྒྱ་སྦོམ་སྦེ་རང་ འབད་ནི་གི་ཐད་ཁར་ དོགས་པ་བསགས་དོ་ཡོདཔ་སྦེ་བཤད་ཅི།

མི་ཚུ་གིས་ ཀི་ཝི་བཙུགས་ནི་ལུ་ ཐེ་ཚོམ་ཆགས་ཏེ་ སྡོད་མི་འདི་གིས་ ལོག་ཅིག་ཧོངས་ལས་ ཚོང་འབྲེལ་འདི་ལས་བརྟེན་ཏེ་ ད་རེས་ ལོ་དག་པ་ཅིག་གི་རིང་ལུ་ ཀི་ཝི་གི་ཚོང་དང་ཁེབ་ས་འདི་ ཁོ་རང་རྐྱངམ་གཅིག་གིས་རང་ ཐོབ་ནི་གི་ནང་ ཧེང་སྐལ་རང་ ཁེ་ཕན་འབྱུང་སྟེ་འདུག

ད་རུང་ ཁོང་གི་ཤིང་འབྲས་ཀྱི་ ལྡུམ་ར་ནང་ལུ་ གུ་ལི་དང་ ཌའི་གཱོན་ཕུལཊ་ དེ་ལས་ སྤང་ཚལ་ལུ་ཚུ་ཡང་ བཙུགས་ཏེ་ཡོདཔ་ཨིན་མས།