གཟའ་མིག་དམར། ༢༠༡༩ ཟླ་༧ པའི་སྤྱི་ཚེས་༢༢

འཁོར་ལམ་གྱིས་ གཡུས་ཁའི་འཚོ་བའི་གནས་སྟངས་ལུ་ ཕན་ཐོགས།

སྤྱི་ཟླ་༧ པའི་ཚེས་ ༢༠ ༢༠༡༨

 

༉ པདྨ་དགའ་ཚལ་ བདེ་ཆེན་གླིང་རྒེད་འོག་ གཡང་མ་ལ་ཤིང་སྤྱི་འོག་ནང་ལུ་ འཁོར་ལམ་གྱི་མཐུན་རྐྱེན་ལྷོད་དེ་ཡོདཔ་ལས་ མི་སེར་ཚུ་གི་འཚོ་བའི་གནས་སྟངས་འདི་ཡང་ བསྒྱུར་བཅོས་འགྱོ་དོ་ཡོདཔ་ཨིན་མས།

སྤྱི་འོག་འདི་ ཧེ་མ་ཚར་གཅིག་ མཐའ་ཟུར་ཅིག་སྦེ་བརྩི་ཡོདཔ་ཨིན་རུང་ ད་རེས་ ས་གནས་འདི་ནང་གི་མི་སེར་ཚུ་གིས་ འཁོར་ལམ་གྱི་མཐུན་རྐྱེན་ལྷོད་མི་དང་འབྲེལ་ ཤིང་འབྲས་དང་ གཞན་མི་ དངུལ་ཐོག་གི་ལཱ་ཚུ་འབད་ནི་ འགོ་བཙུགས་ཏེ་འདུག

ད་རུང་ ཅ་ཆས་སྐྱེལ་འདྲེན་འབད་ནི་ནང་ སྟབས་བདེ་ཏོག་ཏོ་འགྱོ་མི་ལུ་བརྟེན་ཏེ་ མི་སེར་མང་ཤོས་ཅིག་གིས་རང་ ད་རེས་ གཏན་འཇག་གི་ཁྱིམ་ཚུ་ཡང་ རྐྱབ་དོ་ཡོདཔ་ཨིན་མས།

བདེ་ཆེན་གླིང་རྒེད་འོག་ནང་ལུ་ སོ་ནམ་ཞིང་ལམ་གྱིས་ མཐུད་མི་གཡུས་ཚན་མཇུག་འདི་རང་ གཡང་མ་ལ་ཤིང་འདི་ཨིནམ་ད་ ལམ་འདི་ལས་བརྟེན་ཏེ་ སྤྱི་འོག་འདི་ནང་གི་ ཁྱིམ་གུང་པ་༤༠་ལྷགཔ་ཅིག་ལུ་ ཕན་ཐོགས་འབྱུང་དོ་ཡོདཔ་ཨིན་མས།

མི་སེར་ཚུ་གིས་སླབ་མི་ནང་ འཁོར་ལམ་མེད་པའི་སྐབས་ལུ་ ནགས་ཚལ་ནང་ལུ་ པདཔ་གི་ཚང་ནང་ལས་ཕར་ སོ་ནམ་གྱི་ཐོན་སྐྱེད་ཚུ་ སྒལ་ཏོ་ཁར་འབག་སྟེ་ ངང་ལམ་ཁྲོམ་ཁ་ལུ་ བཙོང་པར་འབད་དགོཔ་ལས་ ཁོང་ཆ་ཁྱབ་ཀྱི་མི་ཚེ་འདི་ ལཱ་ཁག་ཅིག་སྦེ་སྡོད་ཡི་ཟེར་བཤད་ཅི།

ད་རུང་ ཁོང་ཆ་ཁྱབ་ཀྱིས་སླབ་མི་ནང་ འཁོར་ལམ་ལས་བརྟེན་ཏེ་ ཧེ་མ་ གཡུས་ཁ་ལས་ ས་གནས་གཞན་ཁ་ལས་ཕར་ འགྱོ་མི་ལ་ལུ་ཅིག་ཡང་ ཁོང་རའི་གཡུས་ཁ་ལུ་ ལོག་འོང་སྟེ་ཡོད་ཟེར་བཤད་ནི་འདུག

 ད་རེས་ ལམ་སུབ་སྟེ་ཡོད་མི་འདི་ཡང་ ཆརཔ་རྐྱབ་ནི་གི་ དུས་ཚོན་རྫོགས་པའི་བསྒང་ལས་ སེལ་ནི་ཨིན་མས།

 ཟད་འགྲོ་དངུལ་ཀྲམ་ས་ཡ་༡༥་བཏང་སྟེ་ སེལ་ཡོད་མི་ལམ་འདི་ ད་རེས་ ཁག་འབགཔ་འདི་གིས་རང་ ཉམས་བཅོས་འབད་དགོ་པའི་ གནས་ཡུན་ནང་ལུ་ ཡོདཔ་སྦེ་ཨིན་མས།