གཟའ་པ་སངས། ༢༠༡༩ ཟླ་༨ པའི་སྤྱི་ཚེས་༢༢

ཉིམ་གར་ཤར་བཙུགས་ནི་གི་ མོ་བཏབ་ལས་འགུལ།

སྤྱི་ཟླ་༧ པའི་ཚེས་ ༡༦ ༢༠༡༨

༉ དར་དཀར་ན་རྫོང་ཁག་ བརྩེ་ཟ་རྒེད་འོག་གི་ མི་སེར་ཚུ་ལུ་ རྫོང་ཁག་སོ་ནམ་ལས་སྡེ་གིས་ མོ་བཏབ་ཀྱི་ཐོག་ལུ་ ཉིམ་གང་ཤར་མེ་ཏོག་བཙུགས་ནི་གི་ སེམས་ཤུགས་ཚུ་ འབྱིན་དོ་ཡོདཔ་ཨིན་མས།

འདི་ཡང་ ཉིམ་གང་ཤར་མེ་ཏོག་ བཙུགས་ནི་གི་ལཱ་ལས་བརྟེན་ཏེ་ མི་སེར་ཚུ་གི་ ས་ཞིང་ཚུ་ ལེགས་ཤོམ་སྦེ་ ལག་ལེན་འཐབ་སྟེ་ འོང་འབབ་བཟོ་སའི་ ཐབས་ལམ་སོ་སོ་སྦེ་ བཏོན་ནི་གི་ དམིགས་ཏེ་བསྐྱེད་མི་དང་འབྲེལ་ འགོ་འདྲེན་འཐབ་ནུག

མི་སེར་ཚུ་གིས་སླབ་མི་ནང་ ཉིམ་གང་ཤར་མེ་ཏོག་བཙུགས་ནི་གི་དོན་ལུ་ ལཱ་ལེ་ཤ་ཅིག་རང་ འབད་དགོཔ་ཡོད་རུང་ ད་རེས་འགོ་དང་པ་ ཐོན་ཤུགས་ལེགས་ཤོམ་འོང་ནི་ བཟུམ་ཅིག་ཡོད་སྦེ་བཤད་ཅི།

ད་རུང་ ཉིནམ་གང་ཤར་མེ་ཏོག་བཙུགས་མི་ ལ་ལུ་ཅིག་གིས་འབད་བ་ཅིན་ ལོ་ཐོག་ཚུ་བཏབ་པ་ཅིན་ སྤྱ་དང་བྱི་ཅུང་ཚུ་ ཨ་རྟག་རང་སྲུང་དགོཔ་ད་ ཉི་མ་གང་ཤར་འདི་ སྲུང་དགོཔ་དེ་ཅིག་རང་ མ་འཐོན་ནི་འདི་གིས་ སང་ཕོད་ལས་ འཕྲོ་མཐུད་དེ་རང་ ཉི་མ་གང་ཤར་གི་ ལཱ་འབད་ནི་སྦེ་ཡོད་ ཟེར་བཤད་ཅི།

ད་རེས་ མི་སེར་ཚུ་གིས་ ཉིམ་གང་ཤར་མེ་ཏོག་ཚུ་ ཆུ་ཞིང་ཚུ་ནང་བཙུགས་ཏེ་ཡོདཔ་ལས་ ལྕང་ལཱ་རྐྱབ་ནི་གི་ དུས་ཚོད་རེན་མི་དང་འབྲེལ་ སོན་ཚུ་མ་ཁུགཔ་ལས་རང་ ཤིང་ཚུ་འབལ་དགོཔ་འཐོན་ནུག

 འདི་འབདཝ་ལས་ སོ་ནམ་འགོ་དཔོན་ཚུ་གིས་སླབ་མི་ནང་ སང་ཕོད་ལས་འགོ་བཙུགས་ཏེ་ མི་སེར་ཚུ་ལུ་ མེ་ཏོག་འདི་ སྐམ་ཞིང་ཚུ་ནང་ བཙུགས་ནི་གི་ སེམས་ཤུགས་བྱིན་ཟེར་ཨིན་མས།

སོ་ནམ་རྒྱ་སྐྱེད་འགོ་དཔོན་ ཆོས་སྐྱིད་དབང་འདུས་ཀྱིས་སླབ་མི་ནང་ དར་དཀར་དཔལ་ལ་གི་ ན་གཞོན་ཚུ་གིས་ ཉི་མ་གང་ཤར་གྱི་ མར་ཁུ་ཚུ་ བཏོན་ནི་ཨིནམ་ལས་ མར་ཁུ་བཏོན་ནི་གི་ འཕྲུལ་ཆས་མཁོ་སྒྲུབ་འབད་ནི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་ ས་ཡ་༧་ལྷགཔ་ཅིག་ བཏང་ཡི་ཟེར་བཤད་ཅི།

འདི་འབདཝ་ལས་ མི་སེར་ཚུ་ལུ་ ཉིམ་གང་ཤར་གྱི་ མེ་ཏོག་བཙུགས་ནི་གི་ལཱ་ཚུ་ ས་ཆ་རྒྱ་སྦོམ་སྦེ་རང་ བཙུགས་ནི་དོན་ལུ་ སེམས་ཤུགས་བྱིན་ཏེ་ རྒྱབ་སྐྱོར་ཚུ་ འབད་དོ་ཡོདཔ་སྦེ་ ཨིན་མས།

རྫོང་ཁག་སོ་ནམ་ལས་ཚན་གྱིས་ མི་སེར་ཚུ་ལུ་ མོ་བཏབ་ཀྱི་དོན་ལས་ ཉིམ་གང་ཤར་མེ་ཏོག་གི་སོན་ ཀེ་ལྗིད་སྟོང་ཕྲག་ཕྱེད་ཅིག་ བཀྲམ་སྤེལ་འབད་ནུག

ལས་འགུལ་འདི་ བཙན་བདའ་སྒང་དང་ སྒོ་བཞི་ དེ་ལས་ ལྷ་མོའི་རྫིང་ཁ་གི་ རྒེད་འོག་ཚུ་ནང་ཡང་ འགོ་བཙུགས་ཏེ་འདུག