གཟའ་ཉི་མ། ༢༠༡༨ ཟླ་༧ པའི་སྤྱི་ཚེས་༢༡

སྲིད་ནང་ལུ་བཅའ་མར་་གཏོགས་མི་དྲུང་འཚོ་ཚུ་གིས་ བཙག་འཐུའི་དུས་ཚོད་ཁར་ སྨན་བཅོས་འབད་མ་ཆོགཔ།

སྤྱི་ཟླ་༧ པའི་ཚེས་ ༡༣ ༢༠༡༨

༉ འབྲུག་གསོ་བ་དང་འཕྲོད་བསྟེན་ཚོགས་སྡེ་གིས་ འཕྲལ་ཁམས་ཅིག་ཁར་ བཙག་འཐུ་ནང་ལུ་བཅའ་མར་གཏོགས་མི་ དྲུང་འཚོ་ཚུ་ལུ་ བཙག་འཐུ་གི་དུས་ཡུན་མ་ཚང་ཚུན་ཚད་ ནདཔ་སྨན་བཅོས་འབད་ཐ་མ་ཆོག་པའི་ ཁྱབ་བསྒྲགས་འབད་མི་འདི་ལུ་ ཁོང་ལ་ལུ་ཅིག་ སེམས་དང་མ་ལྡན་པར་འདུག

ཁྱབ་བསྒྲགས་འདི་དང་འཁྲིལ་བ་ཅིན་ སྲིད་ནང་ལུ་བཅའ་མར་གཏོགས་མི་ གསོ་བ་དང་འཕྲོད་བསྟེན་གྱི་ཁྱད་རིག་པ་ཚུ་གིས་ ནདཔ་སྨན་བཅོས་འབད་ནི་འདི་ ཚོགས་རྒྱན་གྱི་ཉིནམ་མཇུག་མ་བསྡུ་ཚུན་ འཛེམ་དགོཔ་སྦེ་ཨིན་མས།

འདི་བཟུམ་སྦེ་ ཁོོང་ཆ་ཁྱབ་ གསོ་བ་དང་འཕྲོད་བསྟེན་ཚོགས་སྡེ་འདི་ནང་ལུ་ ཁྱད་རིག་པ་ཅིག་སྦེ་ ཐོ་བཀོད་འབད་དེ་ཡོད་མི་ཆོག་ཐམ་འདི་ཡང་ གནས་སྐབས་ཅིག་ བཀག་ཆ་འབད་དེ་བཞགཔ་ཨིནམ་སྦེ་ འཁོད་དེ་འདུག

ད་རུང་ ཁྱབ་བསྒྲགས་འདི་དང་འཁྲིལ་བ་ཅིན་ ཁོང་དྲུང་འཚོ་ཆ་ཁྱབ་ཀྱིས་ བཙག་འཐུ་མཇུག་བསྡུ་བའི་ཤུལ་ ནདཔ་ཚུ་སྨན་བཅོས་འབད་དགོ་པ་ཅིན་ ཆོག་ཐམ་བཀག་ཆ་འབད་དེ་ཡོད་མི་འདི་ ཆ་མེད་བཏང་ནི་གི་དོན་ལུ་ བཙག་འཐུ་ལྷན་ཚོགས་ནང་ལས་ ཉོག་མེད་ཡི་གུ་ལེན་དགོ་ཟེར་ཨིན་མས།

འདི་ལུ་ སྲིད་དོན་ཚོགས་པའི་འདེམས་ངོ་སྦེ་ཐོན་ཏེ་ཡོད་མི་ དྲུང་འཚོ་ལ་ལུ་ཅིག་གིས་སླབ་མི་ནང་ འབྲུག་གསོ་བ་དང་འཕྲོད་བསྟེན་ཚོགས་སྡེ་ལུ་ སྲིད་ཀྱི་ཐད་ཁར་ གྲོས་ཐག་བཅད་ནི་གི་ དབང་ཚད་མེད་ཟེར་བཤད་ཅི།

ད་རུང་ ཁོང་གིས་འབད་བ་ཅིན་ དྲུང་འཚོ་ཚུ་ བཙག་འཐུ་གི་སྐབས་ལུ་ དེ་སྦེ་འབད་ཐ་མ་ཆོགཔ་སྦེ་བཟོ་བ་ཅིན་ སྲིད་ནང་ལུ་བཅའ་མར་གཏོགས་མི་ ཁྲིམས་རྩོདཔ་དང་ བཟོ་རིག་པ་ཚུ་ཡང་ ཤོ་མཚུངས་སྦེ་རང་ ཁྱད་རིག་གི་ལཱ་ཚུ་ འབད་ཐ་མ་ཆོགཔ་སྦེ་བཟོ་དགོཔ་འདུག་ཟེར་ཨིན་མས།

འདི་བཟུམ་སྦེ་ དྲུང་འཚོ་ཚུ་གིས་སླབ་མི་ནང་ རྩ་ཁྲིམས་ཆེན་མོ་ནང་ལུ་ ནདཔ་ལུ་སྨན་བཅོས་འབད་ནི་འདི་ ཁྲིམས་མཐུན་གྱི་ཁྱད་རིག་ཅིག་སྦེ་འཁོད་དེ་ཡོདཔ་ལས་ ཆོག་ཐམ་བཀག་ཆ་འབད་མི་འདི་ ཁོང་གི་བདག་དབང་ལུ ཐད་ཀར་དུ་ ཧམ་འཛུལ་འབད་དོ་བཟུམ་ཅིག་ཨིནམ་མ་ཚད་ ཁྲིམས་ལུགས་ག་ཏེ་ཡང་ དྲུང་འཚོ་ཚུ་གིས་ སྲིད་ནང་ལུ་བཅའ་མར་གཏོགས་ནི་གི་དོན་ལུ་ ནདཔ་ལུ་སྨན་བཅོས་འབད་ནི་འདི་ བཀོ་བཞག་དགོཔ་སྦེ་ མིན་འདུག་ཟེར་ཨིན་མས།

ཨིན་རུང་ སྲིད་ནང་ལུ་བཅའ་མར་གཏོགས་མི་ དྲུང་འཚོ་ལ་ལུ་ཅིག་གིས་འབད་བ་ཅིན་ གསོ་བ་དང་འཕྲོད་བསྟེན་ཚོགས་སྡེ་གིས་ བཙག་འཐུ་གི་སྐབས་ལུ་ ནདཔ་བཅོས་བ་ཅིན་ ཚོགས་རྒྱན་བསྐྱུར་མི་ཚུ་ རྒྱུད་བསྐུལ་འབད་ནི་གི་ ཉེན་ཁ་འབྱུང་སྲིད་ནི་ཨིནམ་ལས་ ཁྱབ་བསྒྲགས་དེ་སྦེ་འབད་མི་འདི་ལུ་ སྟབས་མ་བདེཝ་མེདཔ་སྦེ་ཨིན་མས།

དེ་འབདཝ་ད་ བཙག་འཐུ་འགོ་འདྲེན་འཐབ་ཚར་བའི་ཤུལ་ འདེམས་ངོ་འདི་ བཙག་འཐུ་སྒྲུབ་རུང་འདྲ་ མ་སྒྲུབ་རུང་འདྲ་ ཁེ་བསང་གི་དོན་ལུ་མེན་པ་ཅིན་ འབྲུག་གསོ་བ་དང་འཕྲོད་བསྟེན་ཚོགས་སྡེ་གི་ཆོག་ཐམ་གུ་ གསོ་བའི་ཁྱད་རིག་གི་ལཱ་ཚུ་འབད་ཐ་ཆོགཔ་སྦེ་བཞག་དགོ་ཟེར་ཨིན་མས།

འདི་ལུ་ འབྲུག་གསོ་བ་དང་འཕྲོད་བསྟེན་ཚོགས་སྡེ་ནང་ལས་ རྩོད་འཛིན་ཡོངས་ཁྱབ་ བསོད་ནམས་རྡོ་རྗེ་གིས་སླབ་མི་ནང་ དྲུང་འཚོ་ཚུ་ལུ་ ཁྱབ་བསྒྲགས་དེ་སྦེ་བཏང་དགོ་མི་འདི་ཡང་ བཙག་འཐུ་ལྷན་ཚོགས་ཀྱི་ འབྲུག་གི་སྲིད་དོན་ཚོགས་པའི་བཅའ་ཡིག་གི་དགོངས་དོན་ཚུ་དང་འཁྲིལ་ཏེ་ཨིན་ཟེར་བཤད་ཅི།

ད་རུང་ ཚོགས་སྡེ་འདི་གིས་འབད་བ་ཅིན་ ཁོང་གི་ཧོངས་ལས་ ཁྱབ་བསྒྲགས་འདི་མ་འབད་བའི་ཧེ་མ་ བཙག་འཐུ་ལྷན་ཚོགས་དང་གཅིག་ཁར་ བསྟུན་གྲོས་ཚུ་འབད་དེ་ཡོདཔ་སྦེ་ཨིན་མས།

རྩོད་འཛིན་ཡོངས་ཁྱབ་ཀྱིས་སླབ་མི་ནང་ སྲིད་དོན་ནང་ལུ་ བཅའ་མར་གཏོགས་མི་དྲུང་འཚོ་གཅིག་གིས་ སྒོ་བཤལ་ཡི་རང་ སྨན་བཅོས་ཚུ་ཡང་འབད་དོ་ཡོད་པའི་ ཉོག་བཤད་ལྷོད་དེ་ཡོད་ཟེར་བཤད་ཅི།

ཨིན་རུང་ གློ་འབུར་གྱི་གནད་དོན་རེ་ཐོན་པ་ཅིན་ ཁོང་དྲུང་འཚོ་ཆ་ཁྱབ་ཀྱིས་ ནདཔ་འདི་ཚུ་ བཅོ་ཐ་ཆོགཔ་སྦེ་ཨིན་མས།

འབྲུག་གསོ་བ་དང་འཕྲོད་བསྟེན་ཚོགས་སྡེ་གིས་ ཁྱབ་བསྒྲགས་འདི་ ད་རེས་ཟླཝ་འགོ་བཙུགས་ཁམས་ཅིག་ཁར་ བཏང་ནུག

མགྱོགས་པ་རང་འགོ་འདྲེན་འཐབ་ནི་ཨིན་མི་ སྤྱི་ཚོགས་ཀྱི་བཙག་འཐུ་འདི་ནང་ལུ་ དྲང་འཚོ་༥་གིས་ བཅའ་མར་གཏོགས་དོ་ཡོདཔ་ཨིན་མས།