གཟའ་ཟླ་བ། ༢༠༡༨ ཟླ་༡༡ པའི་སྤྱི་ཚེས་༡༨

འབྲུག་ཀུན་མཉམ་ཚོགས་པའི་འདེམས་ངོ།

སྤྱི་ཟླ་༧ པའི་ཚེས་ ༡༣ ༢༠༡༨

༉ འབྲུག་ཀུན་མཉམ་ཚོགས་པ་གིས་ འདེམས་ངོ་༢་གསལ་བསྒྲགས་འབད་མི་འདི་བརྩིཝ་ད་ལུ་ ད་རེས་ཚུན་ཚོད་ ཚོགས་པ་འདི་གིས་ འདེམས་ངོ་༤༦་གསལ་བསྒྲགས་འབད་ཚར་ནུག

ཕྲལ་ཁམས་ཅིག་ཁར་གསལ་བསྒྲགས་འབད་དེ་ཡོད་མི་ འདེམས་ངོ་༢་ཀྱི་གྲལ་ལས་གཅིག་འདི་ སྐྱེས་ལོ་༢༦་ལང་མི་ དམ་ཆོས་བཟང་མོ་ཨིནམ་ད་ མོ་གིས་ མགར་ས་རྫོང་ཁག་ ཁ་སྟོད་ལ་ཡ་འདེམས་ཁོངས་ནང་ལས་ དོ་འགྲན་འབད་ནི་ཨིན་མས།

དམ་ཆོས་བཟང་མོ་གིས་ བསམ་རྩེ་ཤེས་རིག་མཐོ་རིམ་སློབ་གྲྭ་ནང་ལས་ ཤེས་རིག་གི་ཆོས་ཚན་སྦྱང་པའི་ཤུལ་ལུ་ ལོ་༣་གྱི་རིང་ སློབ་དཔོན་སྦེ་ ཕྱག་ཞུ་ནུག

འདི་བཟུམ་སྦེ་ སྐྱེ་ལོ་༣༩་ལང་མི་ ཚེ་རིང་དཔལ་འབྱོར་འདི་ སྤ་རོ་རྫོང་ཁག་ རྡོ་དཀར་ཤར་པ་འདེམས་ཁོངས་ཀྱི་འདེམས་ངོ་སྦེ་ ངོ་སྟོན་འབད་ཡི།

ཁོ་གིས་ རྒྱ་གར་ པཱན་ཇབ་གཙུག་ལག་སློབ་གྲྭ་ནང་ལས་ ནང་རིག་གི་ཆོས་ཚན་སྦྱང་པའི་ཤུལ་ལུ་ འབྲུག་རྒྱང་བསྒྲགས་ལས་འཛིན་ནང་ལུ་ ལོ་༡༣་གྱི་རིང་ རྒྱང་མཐོང་གི་ལས་རིམ་བཟོ་མི་ཅིག་སྦེ་ ཕྱག་ཞུ་ནུག

འབྲུག་ཀུན་མཉམ་ཚོགས་པ་གིས་ བཀྲིས་བསྒང་རྫོང་ཁག་ བར་མཚམས་ཤོང་ཕུག་འདེམས་ཁོངས་ཀྱི་ འདེམས་ངོ་འདི་ ད་རེས་ཟླཝ་གི་སྤྱི་ཚེས་༢༡་ལུ་ ཐིམ་ཕུག་ལུ་སྦེ་ ཚོགས་པའི་ལོ་བསྟར་ཞལ་འཛོམས་འགོ་འདྲེན་འཐབ་པའི་སྐབས་ལུ་ ངོ་སྟོན་འབད་ནི་སྦེ་འདུག