གཟའ་ཕུར་བུ། ༢༠༡༨ ཟླ་༩ པའི་སྤྱི་ཚེས་༡༩

ནུབ་ཕྱོགས་རྫོང་ཁག་ནང་ལུ་ ཚ་དྲོད་ཆེ་བའི་འཚོར་སྣང་།

སྤྱི་ཟླ་༧ པའི་ཚེས་ ༡༣ ༢༠༡༨

༉ ཐིམ་ཕུག་དང་སྤ་རོ་བཟུམ་གྱི་ ནུབ་ཕྱོགས་རྫོང་ཁག་ནང་ལུ་སྡོད་མི་ཚུ་གིས་ ད་རེས་ ནམ་བྱཱར་ཆརཔ་རྐྱབ་པའི་དུས་ཚོད་འབད་རུང་ ཚ་དྲོད་ཆེཝ་སྦེ་ འཚོར་ཏེ་འདུག

རྒྱལ་ཡོངས་ཆུ་དཔྱད་དང་གནམ་གཤིས་རིག་པའི་ལྟེ་བ་ནང་ལས་ གནམ་གཤིས་རིག་པའི་མཁས་མཆོག་ ཏེ་བྷ་བུ་ད་ཏ་མང་གིས་སླབ་མི་ནང་ ཚ་དྲོད་དེ་སྦེ་ ཡར་སེང་འགྱོ་མི་འདི་ཡང་ རྫོང་ཁག་འདི་ཚུ་གིས་ནང་ལུ་ ན་ཧིང་དང་འཕྱདཔ་ད་ ཆརཔ་ཉུང་སུ་ཅིག་སྦེ་ རྐྱབ་མི་ལུ་བརྟེན་ཏེ་ཨིན་ཟེར་བཤད་ཅི།

ཐིམ་ཕུག་ལུ་ ན་ཧིང་ དུས་ཚོད་ ད་རེས་བཟུམ་གཅིག་ཁར་ ཆརཔ་མི་ལི་མི་ཊར་བརྒྱ་ལྷགཔ་ཅིག་དང་ སྤ་རོ་ལུ་ མི་ལི་མི་ཊར་༥༠ལྷགཔ་ཅིག་རྐྱབ་སྟེ་ཡོད་རུང་ ད་རེས་ཟླཝ་གི་སྤྱི་ཚེ་༡་ལས་༡༡་ཚུན་ རྫོང་ཁག་འདི་གཉིས་ཀྱི་ནང་ལུ་ ཆརཔ་འདི་ མི་ལི་མི་ཊར་༡༠་དེ་ཅིག་ཡང་ མ་རྐྱབ་པར་འདུག་ཟེར་ཨིན་མས།

འདི་འབདཝ་ལས་ ཐིམ་ཕུག་ལུ་ འདས་པའི་བདུན་ཕྲག་ནང་ལས་ འགོ་བཙུགས་ཏེ་ དྲོད་ཤུགས་ཀྱི་ཚད་འདི་ ཌི་གཱི་རི་སིལ་ཤི་ཡིསི་༥་ལས་༦་གི་བར་ན་ ཡར་སེང་འགྱོ་སྟེ་ཡོདཔ་སྦེ་ཨིན་མས།

ཨིན་རུང་ ལྷོ་ཕྱོགས་ལུང་ཕྱོགས་ནང་ལུ་འབད་བ་ཅིན་ ཆརཔ་འདི་ ལེགས་ཤོམ་སྦེ་རང་ རྐྱབ་དོ་ཡོདཔ་སྦེ་ཨིན་མས།

གནམ་གཤིས་རིག་པའི་མཁས་མཆོག་ ཏེ་བྷ་བུ་ད་ཏ་མང་གིས་སླབ་མི་ནང་ ད་རེས་ འབྲུག་པའི་ནུབ་ཕྱོགས་ཁ་ཐུག་ལུ་ ཆརཔ་མ་རྐྱབ་མི་འདི་ཡང་ བྷེང་གཱལ་འཚོ་གུ་ལས་འོང་མི་ཆརཔ་འདི་ ས་སྒོ་འདི་ཚུ་གི་ནང་ལུ་ མ་ལྷོད་པར་ལུས་ནི་འདི་གིས་ཨིན་མས་ཟེར་བཤད་ཅི།

ཨིན་རུང་ ལྟེ་བ་འདི་གིས་འབད་བ་ཅིན་ ཤུལ་མི་ཉིནམ་ཚུ་གི་ནང་ལུ་ ནུབ་ཕྱོགས་དང་ཤར་ཕྱོགས་ དེ་ལས་ དབུ་ཕྱོགས་ལུང་ཕྱོགས་ཚུ་ནང་ལས་ཕར་ཡང་ ཆརཔ་རྐྱབ་ནི་བཟུམ་ཡོདཔ་ལས་ ཚ་དྲོད་འདི་ རན་ཏོག་ཏོ་འགྱོ་བའི་རེ་བ་འདུག

རྒྱལ་ཁབ་ནང་ལུ་ ཆརཔ་རྐྱབ་ནི་གི་དུས་ཚོད་འདི་ སྤྱི་ཟླ་༦་པ་ལས་འགོ་བཙུགས་སྟེ་ སྤྱི་ཟླ་༩་པ་ཚུན་ཚོད་ཨིན་མས།