གཟའ་ཟླ་བ། ༢༠༡༨ ཟླ་༡༡ པའི་སྤྱི་ཚེས་༡༨

སློབ་ཕྲུག་ཚུ་ལུ་ བརྡ་དོན་ཕྲུལ་རིག་གི་ སྦྱོང་བརྡར་ལས་རིམ།

སྤྱི་ཟླ་༧ པའི་ཚེས་ ༡༢ ༢༠༡༨

 

༉ ཐིམ་ཕུག་ལུ་སྦེ་ རྒྱལ་ཁབ་ནང་འཁོད་ཀྱི་སློབ་ཕྲུག་ཚུ་ལུ་ ད་རེས་འགོ་དང་པ་ བརྡ་དོན་ཕྲུལ་རིག་གི་ནང་ལུ་ སྦྱོང་བརྡར་ཚུ་ འབྱིན་པའི་བསྒང་འདུག

སྦྱོང་བརྡར་འདི་གིས་ སློབ་ཕྲུག་ཚུ་ལུ་ མགྱོགས་པ་རང་འགོ་འདྲེན་འཐབ་ནི་ཨིན་མི་ རྒྱལ་ཡོངས་ཌི་ཇྱི་ཊལ་གྱི་ འགྲན་བསྡུར་གྱི་དོན་ལུ་ གྲ་སྒྲིག་ཚུ་ འབད་ཚུགས་ནི་ཨིན་མས།

འགྲན་བསྡུར་འདི་ནང་ལས་ དྲག་ཤོས་ཐོན་མི་༤་གིས་ དུས་ཅི་ སྤྱི་ཟླ་༩་པའི་ནང་ལུ་ ཐའི་ལེནཌ་ལུ་སྦེ་ འགོ་འདྲེན་འཐབ་མི་ མཐའ་དཔྱད་འགྲན་བསྡུར་ནང་ལུ་ གྲལ་ཁར་གཏོགས་ཚུགས་ནི་ཨིན་མས།

བརྡ་དོན་འཕྲུལ་རིག་གི་སྦྱོང་བརྡར་འདི་ནང་ལུ་ རྒྱལ་ཁབ་ནང་འཁོད་ལས་ སློབ་གྲྭ་ཆེ་བ་༣་དང་ མཐོ་རིམ་སློབ་གྲྭ་༨་ཀྱི་ནང་ལས་ སློབ་ཕྲུག་༢༡་གིས་ གྲལ་ཁར་གཏོགས་པའི་བསྒང་འདུག

ཁོང་སློབ་ཕྲུག་ཆ་ཁྱབ་ཡང་ སྔོན་འགྲོའི་བརྟག་ཞིབ་ཅིག་འགོ་འདྲེན་འཐབ་པའི་ཤུལ་ སློབ་ཕྲུག་༥༠༠་གི་ནང་ལས་ གདམ་འཐུ་འབད་ནུག

སློབ་ཕྲུག་ཚུ་གིས་ ཡོངས་འབྲེལ་གྱི་ཐོག་ལས་ ཆོས་རྒྱུགས་བཀལ་བའི་ཤུལ་ལུ་ སྐུགས་ཚད་བརྒྱ་ཆ་༧༥་ལས་ལྷག་སྟེ་ ཐོབ་མི་ཚུ་གིས་ རྒྱལ་སྤྱིའི་གློག་རིག་ཆོག་ཐམ་ཟེར་ འཛམ་གླིང་ནང་ལུ་ ངོ་སྦྱོར་ཡོད་པའི་ཤེས་ཡོན་གྱི་ ལག་ཁྱེར་ཅིག་འཐོབ་ནི་ཨིན་མས།

འབྲུག་བརྡ་བརྒྱུད་དང་བརྒྱུད་འབྲེལ་སྤེལ་ཁང་ནང་ལས་ ལས་རིམ་མདོ་ཆེན་ པུཥ་པ་ཆི་ཏི་རི་གིས་སླབ་མི་ནང་ སྦྱོང་བརྡར་འདི་ སློབ་ཕྲུག་དང་འབྲེལ་ཡོད་ལས་སྡེ་ཚ་ལུ་ རྒྱལ་སྤྱི་གི་ནང་ལུ་ བརྡ་དོན་འཕྲུལ་རིག་གི་གནས་ཚད་ཚུ་ ག་དེ་ཅིག་ལུ་ ལྷོད་དེ་ཡོདཔ་ཨིན་ན་ བལྟ་ནི་དོན་ལུ་ དམིགས་གཏད་བསྐྱེད་དེ་ འགོ་འདྲེན་འཐབ་དོ་ཡོདཔ་སྦེ་བཤད་ཅི།

བརྡ་དོན་འཕྲུལ་རིག་ནང་ལུ་ བཅའ་མར་གཏོགས་མི་ཚུ་གིས་སླབ་མི་ནང་ སྦྱོང་བརྡར་འདི་ནང་ལས་ འཐོབ་མི་ཤེས་ཡོན་ཚུ་ ས་གོ་གཞན་ཁ་ལས་ཕར་ཡང་ ལག་ལེན་འཐབ་ཚུགས་པའི་ ཁེ་ཕན་འདུག་ཟེར་བཤད་ཅི།

དྲག་ཤོས་ཐོན་མི་སློབ་ཕྲུག་བཞི་གིས་ འབྲུག་གི་ཧོངས་ལས་ བེང་ཀོག་ལུ་སྦེ་ མཐའ་དཔྱད་འགྲན་བསྡུར་འགོ་འདྲེན་འཐབ་པའི་སྐབས་ གཞན་མི་རྒྱལ་ཁབ་༡༠་དང་ཅིག་ཁར་ དོ་འགྲན་འབད་ནི་གི་གོ་སྐབས་ཐོབ་ནི་ཨིན་མས།